འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་1ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་《ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་མངགས་
གཏོང་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་01ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་གི་མོས་མཐུན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་མངགས་གཏོང་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མངགས་གཏོང་ལྟ་སྐུལ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་མངགས་གཏོང་ལས་ཁུངས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། མངགས་གཏོང་ལྟ་སྐུལ་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།
     《བསམ་འཆར》ནང་། མངགས་གཏོང་ལས་ཁུངས་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་མངགས་གཏོང་ལས་ཁུངས་ནི་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གྲུབ་ཆ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེར་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཐད་ཀར་འགོ་ཁྲིད་བྱེད་པ་དང་གཅིག་གྱུར་དོ་དམ་བྱེད་ཀྱི་ཡོད། ཀྲུང་དབྱང་སྒྲིག་ཨུད་དང་རྒྱུན་ལས་ཨུ་ལྷན་གྱིས་གཅིག་གྱུར་འགོ་ཁྲིད་དང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གཅིག་གྱུར་ཐོག་དོ་དམ་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ(རྒྱུན་ཨུ) དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པས(ཨུ་ཡོན)ལས་བགོས་དོ་དམ་བྱེད་པ། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ལས་བགོས་འགན་འཁུར་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པ་བཅས་ཀྱི་མངགས་གཏོང་ལས་དོན་གྱི་འགོ་ཁྲིད་ལམ་སྲོལ་བཙུགས་ཏེ། མངགས་གཏོང་ལས་ཁུངས་ལ་མཛུབ་ཁྲིད་དང་། དོ་དམ། ཞབས་ཞུ། འགན་ལེན་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
     《བསམ་འཆར》ནང་། མངགས་གཏོང་སྡེ་ཚན་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་བཏང་སྟེ། དུས་བཀག་གྲོས་མོལ་དང་། གནས་ཚུལ་གལ་ཆེན་བརྡ་ཁྱབ། ཁུངས་སྣེ་མཉམ་དུ་གྲལ་བཤེར། མཉམ་འབྲེལ་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་སོགས་ཀྱི་ལམ་སྲོལ་བཙུགས་ཏེ་ཏང་ཙུའུ(ཏང་ཨུད)ཡི་བྱེད་པོའི་ནུས་པ་འདོན་སྤེལ་བྱ་ཆེད། ཕན་ཆེའི་གཞི་རྟེན་མཁོ་འདོན་བྱས་ནས་སྟོབས་ཤུགས་གཅིག་ཏུ་འདོན་པ་དང་མཉམ་སྒྲུབ་མཉམ་འགུལ་གྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། མངགས་གཏོང་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་དང་པོར་དམ་པོར་དམིགས་ནས་མངགས་གཏོང་སྡེ་ཚན་ཏང་རྩ་འཛུགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་དང་། དེ་བཞིན་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་གྲོས་ཆོད་ལག་བསྟར་དོན་འཁྱོལ་བྱེད་པ་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཏེ་ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་བྱེད་དགོས། མངགས་གཏོང་ལས་ཁུངས་ལ་ལྟ་ཞིབ་དབང་ཆ་སྤྲད་ནས་མངགས་གཏོང་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞན་དག་གཞིར་བཟུང་། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་པའི་འགན་འཁྲི་སྒྲུབ་དགོས་ལ། རྩ་ཁྲིམས་དང་ལྟ་ཞིབ་བཅའ་ཁྲིམས་གཞིར་བཟུང་། ལྟ་ཞིབ་བརྟག་དཔྱད་ཐག་གཅོད་ཀྱི་འགན་འཁྲི་བསྒྲུབས་ནས་སྤྱི་དོན་དབང་ཆ་སྤྱོད་པའི་གཞུང་དོན་སྒྲུབ་མཁན་ལ་ལྟ་སྐུལ་བྱེད་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས། ཞིབ་བཤེར་བརྟག་དཔྱད་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གནད་དོན་གྱི་ཁུངས་སྣེ་གཅིག་སྡུད་གཅིག་གྱུར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཞིབ་བཤེར་བརྟག་དཔྱད་མཐུན་སྦྱོར་དང་གྱོད་གཞི་ཞིབ་གཅོད་མཐུན་སྦྱོར། གྱོན་གཞི་ཚབས་ཆེན་སྒྲུབ་སྐུལ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་དང་། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས། ཏང་ཨུད་ཧྲུའུ་ཅི་དང་སློབ་སྤྱི་བཅས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་སློབ་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ནང་འཇུག་རྒྱུར་རིགས་དབྱེ་ཇུས་འདོན་གྱིས་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།