འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་25ཉིན།

༄༅།།ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་ཡུན་ནན་ཞིང་ཆེན་ལ“ཕྱིར་མིག་ལྟ་བ”
དང་ཆེད་དོན་ལྟ་བཤེར་གནས་ཚུལ་གྱི་ཚུར་ལན་བསམ་འཆར་བཏོན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་25ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
            མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་10ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་22ཉིན་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་ཡུན་ནན་ཞིང་ཆེན་ལ“ཕྱིར་མིག་ལྟ་བ”དང་ཆེད་དོན་ལྟ་བཤེར་གནས་ཚུལ་གྱི་ཚུར་ལན་བསམ་འཆར་བཏོན་པ་རེད།
            ལྟ་བཤེར་ཚོགས་ཆུང་གིས། ཡུན་ནན་ཞིང་ཆེན་གྱིས་ལྟ་བཤེར་དང་དག་ཐེར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པས་འཕེལ་རྒྱས་དང་གྲུབ་འབྲས་བཟང་པོ་ཐོབ་པ་དང་མང་ཚོགས་ཉེ་འགྲམ་གྱི་སྣོད་བཅུད་ཁོར་ཡུག་གི་གནད་དོན་འབོར་ཆེན་ཐག་གཅོད་ལ་སྐུལ་འདེད་བཏང་བའི་ངོས་འཛིན་བྱས་ཡོད། 2018ལོའི་ཟླ་8ཚེས་31ཉིན་བར། ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་སྣོད་བཅུད་ཁོར་ཡུག་གནད་དོན་གྱི་གྱོད་གཞི་1998ཚང་མ་སྤྱིའི་ཆ་ནས་སྒྲུབ་གཉེར་བྱས་ཟིན་ཞིང་། དུད་ཚང་1218ལ་དག་ཐེར་བྱ་རྒྱུའི་བཀའ་བཏང་བ་དང་། དུད་ཚང་1399གྱོད་ཁོངས་སུ་བཅུག་པའི་ཆད་པ་བཅད་པ་དང་དངུལ་ཆད་སྒོར་ཁྲི་4054བཏང་བ། གྱོད་གཞི་31གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པ་དང་མི་48བཀག་ཉར་བྱས་པ། མི་84ལ་སྐོང་འདྲི་བྱས་པ་དང་མི་1015ཡི་འགན་འཁྲི་བདའ་འདེད་བཏང་བ་བཅས་རེད།
           ལྟ་བཤེར་ཚོགས་ཆུང་གིས་ཡུན་ནན་ཞིང་ཆེན་གྱི་ལྟ་བཤེར་དག་ཐེར་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡང་། བསམ་བློའི་ངོས་འཛིན་གསལ་པོ་མེད་པ་དང་། དག་ཐེར་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། ས་གནས་དང་སྡེ་ཚན་ཁག་གཅིག་གིས་ཐ་ན་དག་ཐེར་ལ་ཁྲལ་སེལ་སླ་བཅོས་དང་། ཕྱི་ཚུལ་ཙམ་གྱི་དག་ཐེར། དག་ཐེར་བྱེད་ཁུལ་ཙམ་བྱེད་པ་སོགས་བྱས་ཡོད་ཅེས་བསྟན་ཡོད།
          ལྟ་བཤེར་ཚོགས་ཆུང་གིས། ཡུན་ནན་ཞིང་ཆེན་གྱིས་ས་མཐོའི་མཚེའུ་ཆེ་གྲས་དགུའི་སྲུང་སྐྱོང་དང་བཅོས་སྐྱོང་ཐད་ལས་དོན་མང་པོ་བསྒྲུབས་པ་དང་འཕེལ་རིམ་བཟང་པོ་ཐོན་ཡང་། “ལོ་ལྔ་ཚན་བཅུ་གསུམ་པའི”མཚེའུ་སྲུང་སྐྱོང་དང་བཅོས་སྐྱོང་གི་འཆར་འགོད་འཕེལ་རིམ་རྗེས་སུ་ལུས་པ་དང་། མཚེའུ་ཡི་མཐའ་འཁོར་གྱི་ཡུལ་སྐོར་ས་ཆ་གསར་སྤེལ་བྱེད་ཤུགས་ཆེ་ཙམ་ཡོད་པ། གཙང་པོ་རྒྱུག་ཁུལ་གྱི་ཞིང་ལས་ཀྱི་ས་ངོས་སྦགས་བཙོག་ལ་དོ་དམ་དང་ཚོད་འཛིན་ནུས་ལྡན་མི་ཐུབ་པ་བཅས་ཤེས་རྟོགས་བྱུང་ཡོད།
          གཞན་ཡང“ཕྱིར་མིག་ལྟ་སྐབས”བདག་སྤྲོད་བྱས་པའི་མང་ཚོགས་ཀྱི་ཐེར་འདོན་ནང་། གནད་དོན་202དག་2016ལོའི་ལྟ་བཤེར་བདག་སྤྲོད་ཀྱི་ཐེར་འདོན་དང་བསྐྱར་ཟློས་བྱས་པ་དང་། བརྟག་དཔྱད་བྱས་པ་བརྒྱུད། གནད་དོན་མང་ཆེ་བ་དག་ཐེར་གནད་ལ་འཁྱོལ་མེད་པ་རེད། ཏེ་ཧུང་ཀྲོའུ་རུའེ་ལི་གྲོང་ཁྱེར་གྱིས་2016ལོར་ཁྲིམས་འགལ་ངང་བྱེ་རྡོ་སྔོག་འདོན་བྱས་པའི་ཐེར་འདོན་གནད་དོན་ཞིབ་གཅོད་བྱེད་སྐབས། “རྒྱུག་པ་ལེབ་རྡུང”གི་རྣམ་པར་བརྟེན་ནས་བྱེ་རྡོ་ར་བ་ཚང་མ་སྒོ་བརྒྱབ་ཏུ་བཅུག་པ་དང་དེ་རྗེས་སྒྲིག་འགལ་ངང་ཁྲིམས་མཐུན་གྱི་འགྲོ་ལུགས་མེད་པའི་བྱེ་རྡོ་ར་བ་ཁག་གཅིག་ལ་ཐོན་སྐྱེད་སླར་གསོ་བྱ་རྒྱུའི་ཆོག་མཆན་སྤྲད་ཡོད། ད་ཐེངས“ཕྱིར་མིག་ལྟ”སྐབས། བསྐྱར་དུ“རྒྱུག་པ་ལེབ་རྡུང”གི་རྣམ་པའི་ཐོག་ནས་གནས་སྐབས་སྒོ་རྒྱག་པའི་བྱེད་ཐབས་སྤྱད་པས་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཡོད་པ་རེད།
          ལྟ་བཤེར་ཚོགས་ཆུང་གིས། ཡུན་ནན་ཞིང་ཆེན་གྱིས་ས་མཐོའི་མཚེའུ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྕི་བའི་ལྕགས་རིགས་ཐོན་ལས་ལེགས་སྒྲིག་དང་སྦགས་བཙོག་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་ཁོར་ཡུག་གི་ཉེན་ཁར་འགོག་ཟོན་བྱེད་དགོས་པ་དང་། ལྟ་བཤེར་དང་དག་ཐེར་གོ་སྐབས་སུ་བྱས་ཏེ་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། མངོན་གསལ་དོད་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ཐག་གཅོད་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣོད་བཅུད་ཁོར་ཡུག་གི་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁྲིམས་དང་སྒྲིག་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་པོ་བྱས་ནས་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བའི་གནད་དོན་ཐད། འབྲེལ་ཡོད་སྡེ་ཚན་ལ་སྔར་བས་བརྟག་དཔྱད་གཏིང་ཟབ་བྱ་རྒྱུའི་འགན་དཀྲིས་ཏེ་འགན་འཁྲི་གསལ་པོ་བཟོ་དགོས་པ་དང་འབྲེལ་ཡོད་གཏན་འབེབས་ལྟར་འགན་འཁྲི་བདའ་འདེད་ནན་པོ་དང་། གནད་སྨིན། ནུས་ལྡན་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         ལྟ་བཤེར་ཚོགས་ཆུང་གིས། ཡུན་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་གཞིར་བཟུང་། དུས་ཚོད་དམ་འཛིན་གྱིས་དག་ཐེར་གྱི་ཇུས་གཞི་བཟོས་ནས་ཉིན་30ཡི་ནང་ཚུན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་བསྐྱལ་དགོས་པ་དང་། དག་ཐེར་གྱི་ཇུས་གཞི་དང་དག་ཐེར་དོན་འཁྱོལ་གནས་ཚུལ་འབྲེལ་ཡོད་གཏན་འབེབས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།