འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་24ཉིན།

༄༅།།ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་འབྱུང་རྐྱེན་ནི་རང་བྱུང་འཁྱགས་རུད་ཡིན་ཟེར།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་24ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་21ཉིན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི། ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་སུའོ་ཡི་མཚན་འཛིན་སུའོ་ཀྲང་ཡའོ་ཐན་ཏུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཡར་ཀླུང་གཙང་པོར་འཁྱིལ་མཚོ་ཆགས་པའི་རྒྱུ་རྐྱེན་ནི་གནམ་གཤིས་དྲོ་རུ་ཕྱིན་པས་འཁྱགས་རུད་བྱུང་བ་དང་། འཁྱགས་རུད་བསྟུད་མར་བྱུང་ནས་ཆུ་ལམ་འགག་པ་ཡིན་པས་དེ་ནི་རང་བྱུང་གི་རྒྱུ་རྐྱེན་ཡིན་པར་བསྟན་ཡོད།
         ཉིན་དེར། ཡའོ་ཐན་ཏུང་གིས་རིགས་གཅིག་མཁས་པའི་ཚོགས་ཆུང་ཁྲིད་དེ་ཐད་འཕུར་གནམ་གྲུ་ལ་བསྡད་ནས་འཁྱིལ་མཚོར་མཁའ་དབྱིངས་ནས་ལྟ་ཞིབ་བྱས་ཡོད། “འཁྱིལ་མཚོའི་སྟོད་རྒྱུད་དུ་འཁྱགས་རོམ་16ཡོད་པ་དང་ད་ཐེངས་ཀྱི་འཁྱིལ་མཚོའི་ཉེན་ཁ་ནི་འཁྱགས་རོམ་གཉིས་འཁྱགས་རུད་བྱུང་བ་ལས་བྱུང་བ་ཡིན།” ཡའོ་ཐན་ཏུང་གིས“འཁྱགས་རུད་ནང་འཁྱགས་རོམ་སྨད་རྒྱུད་ཀྱི་དར་རྡོག་ལྷུང་ནས། ཡར་ཀླུང་གཙང་པོའི་ཆུ་ལམ་བཀག་པ་རེད”ཅེས་བཤད།
          “ཉེ་བའི་ལོ་ཤས་རིང་དོན་རྐྱེན་འདི་རིགས་ཐོན་པ་ཅུང་མང་བ་མ་ཟད། གནོད་འཚེ་ཕོག་ཚད་ཀྱང་སྔར་ལས་ཆེ་བ་ཡོད། རྒྱུ་རྐྱེན་གཙོ་བོ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་འཁྱག་རོམ་གྱི་བྱ་འགུལ་འཁོར་ཡུན་ལ་ཡང་འབྲེལ་བ་དམ་ཟབ་ཡོད།” འཁྱིལ་མཚོའི་ས་གནས་ས་ཐོག་ཏུ་རྩད་ཞིབ་བྱེད་པའི་ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ས་གཤིས་གནོད་སྐྱོན་འགོག་བཅོས་དང་ས་གཤིས་ཁོར་ཡུག་སྲུང་སྐྱོང་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་དགེ་རྒན་ཆེན་མོ་ཡུས་པེན་གྱིས“དེ་སྔོན་འཁྱགས་རོམ་ཀྱི་གཏིང་རིམ་གཅིག་ཏུ་སྦྲེལ་ཡོད་ཅིང་། ད་ལྟ་གནམ་གཤིས་འགྱུར་ལྡོག་བྱུང་བའི་དབང་གིས་ཆ་ཤས་བཞུར་ནས། འཁྱགས་རུད་འབྱུང་སླ་བ་དང་འབྱུང་བའི་ཐེངས་གྲངས་ཡང་ཇེ་མང་དུ་འགྲོ་བཞིན་ཡོད”ཅེས་བཤད།
         “མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་གྲུབ་འབྲས་ཐོག་ནས་མངོན་པ་ལྟར་མཚོ་བོད་མཐོ་སྒང་ནི་ཇེ་དྲོ་དང་ཇེ་བརླན་དུ་འགྱུར་བཞིན་ཡོད་ལ་མ་འོངས་པར་གནོད་འཚེའི་ཉེན་ཁ་ཆེ་རུ་འགྲོ་ངེས་རེད།” ཡའོ་ཐན་ཏུང་གིས“ང་ཚོས་རྗེས་སུ་གནས་འདི་གཙོ་གནད་ལྟ་སྐུལ་ཚོད་འཛིན་ས་ཁོངས་སུ་བྱས་ནས། དེང་རབས་ཚན་རྩལ་གྱི་བར་སྣང་དང་ས་ངོས་ཀྱི་ལངས་གཟུགས་ལྟ་ཞིབ་བེད་སྤྱོད་ལེགས་པོ་བྱེད་པ་དང་། འཁྱགས་རུད་བརྒྱུད་རིམ་དུས་རྒྱུན་དུ་ལྟ་སྐུལ་དང་ཚོད་འཛིན་བྱས་ཏེ། ལྟ་ཞིབ་ཚད་ལེན་དང་སྔོན་དཔག་ཉེན་བརྡ། ཚོད་འཛིན་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་གནོད་འཚེར་ཁ་གཏད་གཅོག་པའི་མ་ལག་འཛུགས་སྐྱོང་བྱེད་རྒྱུ་ཡིན་པས། གནོད་འཚེ་ལས་བྱུང་བའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱ་རྒྱུ་ཡིན”ཞེས་བརྗོད།
          ཟླ་10ཚེས་17ཉིན་གྱི་སྔ་དྲོའི་ཆུ་ཚོད་5པར། བོད་ལྗོངས་སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་གྲོང་ཚོའི་ཉེ་འགྲམ་དུ་ཡར་ཀླུང་གཙང་པོར་རི་ཉིལ་ནས་ཆུ་ལམ་འགག་སྟེ་འཁྱིལ་མཚོ་ཐོན་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་བསྐུལ་ཡོད། ཉེན་ཁ་བྱུང་རྗེས་ས་གནས་དེ་གར་འཕྲལ་དུ་ཁ་འགྲེམས་པའི་བྱ་སྤྱོད་སྤེལ་ནས། མང་ཚོགས་བཀོད་སྒྲིག་བྱས་ཡོད། འཁྱགས་རོམ་དང་ས་གཤིས་སོགས་ཐད་ཀྱི་རིགས་གཅིག་མཁས་ཅན་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ། གནོད་འཚེ་ཐོན་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ནས་རྗེས་མཐུད་འཆར་འགོད་བཟོ་བར་ཚན་རིག་དང་མཐུན་པའི་ཞིབ་འཇུག་རྒྱབ་རྟེན་འདོན་སྤྲོད་བྱས་པ་རེད།