འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་22ཉིན།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ
“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་21ཉིན། 16:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། འཕྲིན་ལན་གྱི་ནང་དོན་གཏོང་སྤེལ་བྱས་ནས་ལོ་གཅིག་འཁོར་བའི་མཚམས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུས་ཚེས་19ཉིན་སྤྱི་ཚོགས་ཡོངས་ལ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་ཡོངས་བསྒྲགས་བྱས་པ་མ་ཟད། ཁོང་གཉིས་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་ཡང་སྤྲད་འདུག
           སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་འཚར་ལོངས་དང་འཚོ་བ་བསྐྱལ་ཡུལ་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཡོད། དུས་རབས་གོང་མའི་ལོ་རབས་60ཚུན་གྱི་དུས་ཡུན་རིང་པོ་ཞིག་ནང་། ཕ་སངས་རྒྱས་ཆོས་པ་དང་། སྒྲོལ་དཀར། གཡང་འཛོམས་བཅས་དུད་ཚང་གཅིག་གི་མི་གསུམ་པོ་ཁོ་ན་ལས་མེད་པས“མི་གསུམ་ཤང”ཞེས་བརྗོད་ཀྱི་ཡོད། ཁོང་གཉིས་ཀྱིས་ཕ་སངས་རྒྱས་ཆོས་པའི་ཤུགས་རྐྱེན་དང་སྣེ་ཁྲིད་འོག་ཐོག་མཐའ་བར་གསུམ་དུ“ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པས། ཕྱུགས་འཚོ་མཐའ་སྲུང་བྱེད་རྒྱུ་ནི་འགན་འཁྲི་ཡིན་པའི”དད་སེམས་བརྟན་པོར་བཅངས་ནས། ལོ་བཅུ་ཕྲག་འགའ་ཤས་ཉིན་གཅིག་ལྟར་བརྩིས་ཏེ་མེས་རྒྱལ་གྱི་མངའ་ཁོངས་སྲུང་བཞིན་རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་དང་དུས་རབས་ཀྱི་བསྟོད་གླུ་བརྩམས་ཡོད།
        2017ལོའི་ཟླ་10ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་སྟེ། ཕ་དང་བུ་མོ་མི་རབས་གཉིས་ཀྱིས་མེས་རྒྱལ་གྱི་མཐའ་མཚམས་རྒྱུན་མཐུད་སྲུང་བའི་བྱ་སྤྱོད་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། དུས་ཡུན་རིང་པོའི་ནང་མཐའ་སྲུང་མཐའ་བརྟན་ལ་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་འབུལ་མཁན་བློ་མཐུན་ཚོར་ཐུགས་རྗེས་ཆེ་ཞུས་གནང་བ་མ་ཟད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞིས་ཚུགས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་ལྕག་སྐུལ་ཡང་གནང་འདུག
          ཉེ་བའི་དུས་མཚམས་ཤིག་རིང་། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་གཅིག་སྡུད་དྲིལ་བསྒྲགས་གཏོང་སྤེལ་བྱས་རྗེས། སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་མཁན་གྱི་ཕུལ་བྱུང་འཐུས་མི་དང“རྒྱལ་གཅེས་མཐའ་སྲུང་གི་སྐལ་བཟང་མེ་ཏོག་མཛེས་ཤོས”ཤིག་རེད། ཁོང་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས། གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞིས་ཚུགས་ཏེ་མེས་རྒྱལ་གྱི་མཐའ་མཚམས་སྲུང་བའི་སེམས་འགུལ་ཐེབས་པའི་བྱས་རྗེས་ལས། གུང་ཁྲན་ཏང་ཡོན་གྱི་ལྷག་བསམ་ཟོལ་མེད་དང་འགན་འཁྲི་འཁུར་བའི་ཆབ་སྲིད་ཀྱི་ཀུན་སྤྱོད་གང་ལེགས་མཚོན་པ་དང་། རྒྱལ་གཅེས་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་ནུས་ལྡན་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་གསོན་ཉམས་དོད་པོས་གསལ་འགྲེལ་བརྒྱབ་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ཆེའི་མཐའ་མཚམས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱས་ནས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་འདུག
         “དུས་རབས་ཀྱི་མིག་དཔེའི”ཡོངས་བསྒྲགས་མཛད་སྒོ་འཚོག་ཡུལ་དུ《སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་གཏན་འབེབས》སྒྲོག་སྦྱངས་བྱས་པ་དང་། ཁོང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་མཚོན་པའི་པར་གཞི་ཐུང་ངུ་བསྟན་པ། ཀྲུང་དབྱང་དྲིལ་བསྒྲགས་པུའི་འགན་འཁུར་བློ་མཐུན་གྱིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ“དུས་རབས་ཀྱི་མིག་དཔེའི”གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲད་པ་རེད། ཡོངས་བསྒྲགས་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་རྒྱལ་སའི་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་ཡོངས་བསྒྲགས་མཛད་སྒོར་ཞུགས་ཡོད།