འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་19ཉིན།

༄༅།།བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོ་སྟེ་
གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་པའི་སྐལ་བཟང་མེ་ཏོག

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་19ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོ་སྟེ་
གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་པའི་སྐལ་བཟང་མེ་ཏོག
        མི་དམངས་དྲ་བའི་འཕྲིན། “དུས་ཐུང་ལོ་གཅིག་ཀྱང་མ་འགོར་བར་ཡུལ་སྨད་ལ་འགྱུར་ལྡོག་ཆེན་པོ་འདི་འདྲ་བྱུང་བ་ངོ་མ་རྨི་ལམ་ལ་ཡང་འཁོར་མ་མྱོང”ཞེས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སྡོད་ཁང་གསར་པར་སྤོས་རྗེས་བསྡུ་གསོག་རྒྱག་བཞིན་ཡོད་པའི་སྒྲོལ་དཀར་གྱིས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།
        ལོ་གཅིག་གི་གོང་དུ་དུད་ཁྱིམ་དགུ་ལས་མེད་པའི་ཡུལ་སྨད་ཤང་ད་ཆ་བྲེལ་འཚུབ་ཆེ་བའི་འཛུགས་སྐྲུན་བྱེད་ས་ཞིག་ཏུ་གྱུར་ཡོད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་རྡོ་ཁང་མཐོང་རྒྱུ་མེད་ཅིང་ཐོག་ཁང་བརྩེགས་གསུམ་ཅན་ཞིག་ཏུ་གྱུར། “ཁང་པ་གསར་པ་དེ་སྔོན་ཆད་དང་བསྡུར་ན་ཇེ་ལེགས་སུ་གྱུར་ཡོད་ཅིང་། རྗེས་སུ་ཇ་མངར་མོ་འཐུང་སའི་ཇ་ཁང་ཞིག་བཙུགས་ནས། འཁྲི་ཤིང་གི་ལག་གདུབ་དང་སྨྱུག་བསླས་ཐོན་རྫས་སོགས་བཙོང་ན་འཚོ་རྟེན་འདང་ངེས་རེད”ཅེས་གཅུང་མོ་གཡང་འཛོམས་ཀྱིས་སྐད་ཆ་མགྱོགས་པའི་ངང་བརྗོད། ཁོང་མོ་དགའ་སྤྲོ་སྐྱེ་དགོས་པ་ཞིག་ནི་ན་ནིང་སློབ་ཆེན་ནས་མཐར་ཕྱིན་པའི་བུ་བསོད་ནམས་དོན་གྲུབ་ད་ལོའི་ཟླ་དང་པོར་ཡུལ་སྨད་ཤང་གི་གཞུང་ཞབས་པ་ཞིག་ཏུ་གྱུར་ཡོད།
        “རང་ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་བདེ་པོ་གནང་རོགས། ང་ཚོས་ངེས་པར་དུ་མེས་རྒྱལ་ས་ཁོངས་ནང་གི་རྩྭ་རྩི་ཤིང་ཡོད་ཚད་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། སྔར་བས་མང་བའི་ཞིང་འབྲོག་མང་ཚོགས་སྣེ་ཁྲིད་དེ་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱ་རྒྱུ་ཡིན”ཞེས་ལོ་གཅིག་གི་སྔོན་ལ་སྐད་ཆ་བཤད་པར་མི་དགའ་བའི་སྒྲོལ་དཀར་ད་ཆ་བཤད་རྒྱུར་དགའ་ལ་དགོད་པར་ཡང་དགའ་མཁན་ཞིག་ཏུ་གྱུར་ཡོད།
       “མེས་པོས་བཞག་པའི་འབྲོག་ར་འདིར་སྲུང་སྐྱོབ་ཡག་པོ་བྱེད་པ་ནི་རྒྱལ་ཁབ་སྲུང་པ་ཡིན།”
      “ཡུལ་སྨད་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་ནི་ཏང་གི་མཐའ་སྐྱོང་སྲིད་ཇུས་དང་། ལྷག་པར་དུ་ན་ནིང་ཟླ་10ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ལ་འཕྲིན་ལན་གནང་རྗེས་ལས་བྱུང་བ་ཡིན།” ད་ལོར་ལོ་57ལ་སླེབས་པའི་སྒྲོལ་དཀར་གྱིས། དེ་སྔོན་1987ལོ་ནས་2011ལོའི་བར་ཡུལ་སྨད་ཤང་གི་ཤང་ཀྲང་གི་འགན་འཁུར་མྱོང་། དེའི་སྔོན་1960ལོར་སྤྱི་ལེ་གྲུ་བཞི་3000ཡོད་པའི་ས་འདིར་ཡུལ་སྨད་ཤང་བཙུགས་པ་ནས་བཟུང་། ཤང་ཀྲང་ནི་ཁོ་མོའི་ཕ་སངས་རྒྱས་ཆོས་འཕགས་ཡིན།
         རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་ཆགས་པའི་ཡུལ་སྨད་ཤང་ནི། ལྷུན་རྩེ་རྫོང་གྲོང་དང་བར་ཐག་སྤྱི་ལེ་200ལས་མེད་ན་ཡང་། རི་ལ་རི་སོགས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་རི་བོ་ཆེན་པོ་གསུམ་ཡོད་པས་མཐའ་མཚམས་ཀྱི་ཁེར་ཆགས་གླིང་ཕྲན་ཞིག་ཏུ་གྱུར་ཡོད། “མི་གསུམ་གྱི་ཤང”ཞེས་གྲགས་པ་སྟེ་དུས་ཚོད་མང་ཆེ་བའི་རིང་སངས་རྒྱས་ཆོས་འཕགས་དང་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ཀྱིས་འདིར་འཚོ་བ་སྐྱེལ་ཡོད། སྡོད་ཁང་གཅིག་དེ་ཤང་སྲིད་གཞུང་ཡིན་ལ་ཁོང་ཚོའི་ཁྱིམ་ཡང་ཡིན། ཕྱུགས་འཚོ་བ་བརྒྱུད་ནས་ཕ་དང་གཅེན་གཅུང་གཉིས་ཀྱིས་མེས་རྒྱལ་གྱི་མངའ་ཁོངས་བདག་སྐྱོང་བྱེད་བཞིན་ཡོད། “གནས་འདིར་ཚང་ཚིང་གི་ནགས་ཚལ་དང་མཐའ་མེད་པའི་རྩྭ་ར་ཡོད་པས་འབྱོར་ཕྱུག་མཛེས་སྡུག་ལྡན་པའི་ས་ཆ་ཞིག་རེད། ངའི་ཨ་ཕས་བཤད་པར་ཤང་ནང་དུ་སྔར་དུད་ཁྱིམ་20ལྷག་ཡོད་ཅིང་མི་300ལ་ཉེ་བ་ཡོད། 1959ལོར་ཡུལ་སྨད་ཤང་གི་གྲོང་མི་མང་པོ་ནང་སར་གནས་སྤོས་པའི་རྐྱེན་གྱིས་1990ལོར་སླེབས་དུས་གནས་འདིར་སྡོད་མཁན་ང་ཚོ་གསུམ་ལས་མེད།”ཅེས་གཡང་འཛོམས་ཀྱིས་བཤད།
        རང་ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན།—— དེ་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་སངས་རྒྱས་ཆོས་འཕགས་ཀྱིས་ཕྲུ་གུ་ཚོར་རྡོ་ལ་རི་མོ་བརྐོས་པ་ལྟར་གྱི་སློབ་གསོ་བཏང་བ་དེ་ཡིན། ཁོས་ཁབ་སྐུད་ཀྱིས་རེ་རེ་བཞིན་ངོས་གསུམ་གྱི་སྐར་ལྔའི་དར་དམར་ཞིག་འཚེམ་བཟོ་བྱས་ནས་གྲོང་མདར་བཙུགས་ནས། ཁོས་ཕྲུ་གུ་ཚོར“འདི་ནི་ང་ཚོ་ཀྲུང་གོའི་རྒྱལ་ཁབ་ཀྱི་རྒྱལ་དར་ཡིན་ཞིང་། ང་ཚོའི་ཚེ་སྲོག་ལས་ཀྱང་གལ་ཆེ”ཞེས་བརྗོད་ཡོད། དུས་དེ་ནས་བཟུང་སྒྲོལ་དཀར་དང་གཡང་འཛོམས་ཀྱིས“མེས་པོས་བཞག་པའི་འབྲོག་ར་ལ་སྲུང་སྐྱོབ་ཡག་པོ་བྱས་ན་རྒྱལ་ཁབ་སྲུང་བ་ཡིན་པ”སེམས་ལ་བཟུང་ཡོད།
        “སྐར་ལྔའི་དར་དམར་དེ་ནམ་ཡང་ང་ཚོ་མི་རབས་ནས་མི་རབས་བར་ཕྱུགས་འཚོ་བའི་ས་གཞིའི་སྟེང་ལྷབ་ལྷུབ་ཏུ་གཡོ་བར་བྱེད།”
       “འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་དང་གྲོགས་མེད་ཁེར་རྐྱང་ཡིན་ན་ཡང་མེས་རྒྱལ་ཡོད་པས་རང་ཁྱིམ་ལ་རེ་བ་ཡོད”ཅེས་གཡང་འཛོམས་ཀྱིས་འདས་དོན་ཕྱིར་དྲན་ཞོར་བཤད།
        1987ལོར་ལོ་ན་རྒས་པའི་སངས་རྒྱས་ཆོས་འཕགས་ཤང་ཀྲང་གི་ལས་གནས་ངལ་གསོ་ཞུས་པ་དང་། སྒྲོལ་དཀར་གྱིས་ཤང་ཀྲང་བྱས་པ་དང་། གཡང་འཛོམས་ཀྱིས་ཤང་ཀྲང་གཞོན་པ་བྱས་ཡོད། 1996ལོར་ཡུལ་སྨད་དུ་རྩ་རི་ཤང་ནས་ཁྱིམ་དུད་གཉིས་ཕྱིར་སྤོས་ཡོང་ནས། ལྷུན་རྩེ་རྫོང་གིས་ཐེངས་དང་པོར་གནས་འདིར་ལས་བྱེད་པ་གཉིས་མངགས་ནས། ཡུལ་སྨད“མི་གསུམ་གྱི་ཤང”དུས་དེ་ནས་མཇུག་རྫོགས་པ་རེད། ལོ་དེར་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཏང་ནང་དུ་ཞུགས་པར་བརྟེན་ཡུལ་སྨད་དུ་ཤང་ཏང་ཀྲི་པུའུ་ཚུགས་པ་རེད།
        1997ལོར། སྨྱན་སྦྱོར་ཚན་པས་ཡུལ་སྨད“མི་གསུམ་གྱི་ཤང”གི་གནས་ཚུལ་སྤེལ་བ་ནས་བཟུང་། སངས་རྒྱས་ཆོས་འཕགས་ཁྱིམ་ཚང་གིས་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་བའི་བྱས་རྗེས་མེས་རྒྱལ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་བྱུང་ཡོད། མེས་རྒྱལ་ནང་ས་ནས་སྤྲིངས་པའི་འཕྲིན་ཡིག་ཀྱང་ཐེངས་དང་པོ་རི་མཐོ་གཡང་གཟར་བརྒལ་ནས་སྒྲོལ་དཀར་དང་གཡང་འཛོམས་ལ་འབྱོར་ཡོད། གཡང་འཛོམས་ཀྱིས་འཛུམ་དམུལ་དམུལ་ངང་ལོ་དེར་ཨ་ཅག་ལ་བསམ་ཡུལ་ལས་འདས་པའི་བརྩེ་བ་མཚོན་པའི་འཕྲིན་ཡིག་མང་པོ་འབྱོར་ཡོད་ཅེས་བཤད་པ།
       “སྐབས་དེ་དུས་ཨ་ཕས་གལ་ཏེ་ང་ཚོ་གཅེན་གཅུང་གཉིས་ཡུལ་སྨད་ནས་གནས་ལ་ཐོན་ན། སུས་ཕྱུགས་འཚོ་བཞིན་མཐའ་མཚམས་བསྲུང་རྒྱུ་རེད་དམ་བརྗོད་ཡོད། དེ་ནས་ང་ཚོ་ཡུལ་སྨད་དུ་བསྡད་ནས་ཨ་ཕར་མི་ཚེ་གང་པོར་ཡུལ་སྨད་བསྲུངས་ནས་སྐར་ལྔའི་དར་དམར་དེ་ནམ་ཡང་ང་ཚོ་མི་རབས་ནས་མི་རབས་བར་ཕྱུགས་འཚོ་བའི་ས་གཞིའི་སྟེང་ལྷབ་ལྷུབ་ཏུ་གཡོ་བར་བྱ་རྒྱུའི་དམ་བཅའ་བཞག་ཡོད།”ཅེས་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་ལོ་55ལ་སླེབས་པའི་གཡང་འཛོམས་ཀྱིས་སེམས་འགུལ་ཐེབས་པའི་ངང“རང་ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པ་འདི་ནི་བར་ཆད་དང་དཀའ་ངལ་ཇི་འདྲར་འཕྲད་ཀྱང་ང་ཚོ་གཅེན་གཅུང་གཉིས་ཀྱི་བློ་ཁ་ནམ་ཡང་འགྱུར་མྱོང་མེད།”
        དེར་བརྟེན་སྒྲོལ་དཀར་ལོ་35དང་གཡང་འཛོམས་ལོ་27ལ་སླེབས་ཚེ་གཞི་ནས་གཉེན་སྒྲིག་བྱས་ཏེ་ཁྱིམ་ཚང་བསྐྱངས་པ་རེད། འདི་ནི་སྐབས་དེའི་མཐའ་མཚམས་ཀྱི་འབྲོག་ཁུལ་ཞིག་ལ་མཚོན་ན་དཔེ་མི་སྲིད་པའི་གཉེན་སྒྲིག་ཕྱི་པོ་རེད།
         རི་འགོའི་སྟག་མའི་མེ་ཏོག་སླར་ཡང་བཞད་ཅིང་། རི་འདབས་སྙུག་སྡོང་གི་སྐྱེས་སྟེབས་སྔར་བས་ཆེ། རྒྱལ་ཁབ་ཉིན་རེ་བཞིན་སྟོབས་ཆེར་འགྱུར་བ་དང་བསྟུན་ཡུལ་སྨད་དུ་བཀྲ་ཤིས་པའི་བྱ་བ་ཡང་མང་དུ་ཕྱིན་ཡོད།
        2001ལོའི་ཟླ་དགུ་པར། ཨ་ཕའི་བསམ་འདུན་ཆེ་ཤོས་འགྲུབ་ཡོད་པ་སྟེ་ཕྱི་རོལ་དུ་བསྐྱོད་པའི་གཞུང་ལམ་ཤར་གཏོང་ཐུབ་ཡོད། ཡུལ་སྨད་དུ་རླངས་འཁོར་དང་པོ་སླེབས་སྐབས་ཨ་ཕས་ཁ་བཏགས་གཡོག་ཅིང་། ལོ་དེར་སངས་རྒྱས་ཆོས་འཕགས་རླངས་འཁོར་ལ་བསྡད་ནས་རྨི་ལམ་དུའང་འགྲོ་འདོད་པའི་ལྷ་སར་བསྐྱོད་ཅིང་། སྒྲོལ་དཀར་ཧུའུ་ནན་ཧྲའོ་ཧྲན་དུ་མའོ་ཀྲུའུ་ཞིའི་ཕ་ཡུལ་ལ་ལྟ་བར་བསྐྱོད་ཡོད།
         2001ལོའི་ལོ་མཇུག་ཏུ་ཡུལ་སྨད་ཤང་དུ་དུད་ཚང་5ཡོད་པ་དང་གྲོང་མི་25ཡོད་ཅིང་། མཐའ་སྲུང་མངགས་གཏོང་ཁང་དང་། སློབ་ཆུང་། འཕྲོད་བསྟེན་ཁང་བཅས་ཡོད་པ་རེད། ལོ་དེའི་དགུན་ཁར་ལོ་77ལ་སླེབས་པའི་རྒད་པོ་སངས་རྒྱས་ཆོས་འཕགས་ཚེ་ལས་འདས་པ་རེད།
         སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་དྲན་གསལ་དུ་ཨ་ཕ་ཚེ་ལས་འདས་ཁར་ཡུལ་མི་ཚོ་ཁང་བའི་ནང་དུ་བོས་ནས“ཁྱོད་ཚོས་ཡུལ་སྨད་དབུལ་པོ་ཡོད་པ་རྒྱུ་མཚན་དུ་བྱེད་ནས་ཁ་བྲལ་མི་རུང་། འདི་ནི་ང་ཚོའི་མེས་པོ་འཚོ་བའི་ས་ཆ་དང་ང་ཚོ་ཀྲུང་གོའི་ས་ཆ་ཡིན་པས་རྩྭ་རྩི་ཤིང་ཚང་མར་སྲུང་སྐྱོང་ཡག་པོ་བྱ་དགོས”ཞེས་བཀའ་མངགས་གནང་ཡོད།
        “ཡུལ་སྐོར་སོགས་ཀྱི་ཐོན་ལས་བརྒྱུད་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སང་ལོར་དབུལ་སྒྲོལ་ཡོང་བར་བྱེད་དགོས།”
       “ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཡུལ་སྨད་ཤང་ལ་དུད་ཚང་9དང་གྲོང་མི་32ཡོད་ཅིང་། ཁྱིམ་ཚང་ཚང་མའི་འཚོ་བ་ངོ་མ་བདེ་སྐྱིད་ལྡན་ཞིང་། དམངས་ཕན་མཐའ་མཚམས་བརྟན་ལྷིང་དང་མཐའ་མཚམས་སྲིད་ཇུས་སྣ་ཚོགས་ཡུལ་སྨད་ཤང་ལ་ཕྱོགས་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5བརྒལ་ཡོད། ང་ཚོས་ཚོགས་ཆེན་བཅུ་དགུ་པའི་སྔོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཅིག་ཕུལ་ནས། ང་ཚོ་མཐའ་མཚམས་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་སྙན་སེང་ཞུས་པ་དང་། ངེས་པར་དུ་མེས་རྒྱལ་གྱི་ས་ཆ་ཡག་པོ་བསྲུང་ནས་ཏང་གི་བཀའ་དྲིན་གསོ།”ཞེས་སྒྲོལ་དཀར་གྱིས་བཤད།
          ན་ནིང་ཟླ་10ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་བས། ཁོ་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་རྒྱུན་མཐུད་ངང་རྒྱལ་ཁབ་ཀྱི་མཐའ་མཚམས་བསྲུངས་པའི་བྱ་སྤྱོད་ལ་གདེང་འཇོག་གནང་བ་མ་ཟད་ཁོ་ཚོས“མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དང་། སྔར་བས་མང་བའི་འབྲོག་པ་མང་ཚོགས་སྣེ་ཁྲིད་དེ་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱ་རྒྱུའི་བླང་བྱ་བཏོན་གནང་ཡོད།”
        སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་སྤྲིངས་གནང་བར་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་ཕྱུགས་འཚོ་བཞིན་མཐའ་མཚམས་བསྲུང་བའི་ཆོད་སེམས་སྐུལ་སློང་བཏང་བ་་དང་། ཁོ་ཚོར་གཟི་བརྗིད་དང་འགན་འཁྲི་ཡང་སྤྲད་ཡོད། ད་ལོའི་ལོ་སྟོད་དུ་སྒྲོལ་དཀར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལ་བདམས་པ་དང་། གཡང་འཛོམས་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ཡོད།
          ད་ཆ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་ཡུལ་སྨད་ཤང་དུ་ད་དུང་འབྲོག་ར་སྲུང་བའི་འགན་འཁྲི་འཁུར་བཞིན་ཡོད། ད་ལྟ་ལོ་57ལ་སླེབས་པའི་སྒྲོལ་དཀར་ལ་བུ་མོ་གསུམ་ཡོད་པ་དང་། ལོ་55 ལ་སླེབས་པའི་གཡང་འཛོམས་ལ་བུ་གཅིག་དང་བུ་མོ་གཅིག་ཡོད། ཁོ་ཚོས་སྒོ་ཟོག་140འཚོ་བཞིན་ཕ་སངས་རྒྱས་ཆོས་འཕགས་ཀྱི་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་དགོས་པའི་ཁ་ཆེམས་རྒྱུན་བསྐྱངས་ནས། ཡུལ་སྨད་ཀྱི་རི་ཀླུང་གཅེས་པར་སྲུང་བཞིན་ཡོད།
        བོད་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་མ་དཔེ་ཡིན་པའི་ཆ་ནས། ཡུལ་སྨད་དུ་དུས་ཐུང་ལོ་གཅིག་ནང་གནས་འདིར་ཚད་གཞི་སྔར་བས་མཐོ་བའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། མི་རེར་ཆ་སྙོམས་སྨི་གྲུ་ཞི་མ་55ཡི་ཚད་གཞི་ལྟར་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་འབྲོག་པའི་དུད་ཚང་རེ་རེར་གཅིག་གྱུར་འཆར་འགོད་བྱས་ནས་སྡོད་ཁང་སྐྲུན་ཡོད། ཡུལ་སྐོར་བ་མང་པོ་ཡོང་ནས་ཟ་ཁང་གི་ཚོང་ཡང་ཧ་ཅང་བྲིན་པོ་ཡོད་ལ། སྨྱུག་སླས་དང་འཁྲི་ཤིང་གི་ལག་གདུབ་སོགས་ས་གནས་དེ་གའི་ལག་ཤེས་བཟོ་རྩལ་ཐོན་རྫས་མཁོ་དགོས་སྐོང་མི་ཐུབ་པ་ལྟ་བུར་གྱུར་ཡོད།
        “ཡུལ་སྨད་ཀྱི་རྣམ་པ་རྙིང་བ་དེ་གསར་པར་བསྒྱུར་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ལས་བྱུང་བ་ཡིན་པ་ང་ཚོས་གསལ་པོར་ཤེས། ང་ཚོས་ངེས་པར་དུ་མངགས་བཅོལ་གནང་བ་ཡིད་ལ་བརྟན་པོར་བཅང་ནས་སྔར་བས་མང་བའི་འབྲོག་པ་མང་ཚོགས་སྣེ་ཁྲིད་དེ་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་འཛུགས་རྒྱུ་ཡིན”ཞེས་སྒྲོལ་དཀར་གྱིས་བཤད། ཡུལ་སྨད་ཤང་གིས་ལྷུན་རྩེ་རྫོང་གི་ཤང་གྲོང་ཁག་ནས་ཡོང་བའི་དབུལ་ཕོངས་མང་ཚོགས་གཞིས་ཆགས་རྒྱུར་དང་ལེན་བྱས་ཡོད། “ང་ཚོས་ནུས་ཤུགས་ཡོད་རྒུས་དབུལ་ཕོངས་ཁྱིམ་དུད་ལ་རོགས་སྐྱོར་བྱེད་པ་དང་། ཡུལ་སྐོར་སོགས་ཀྱི་ཐོན་ལས་བརྒྱུད་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སང་ལོར་དབུལ་སྒྲོལ་ཡོང་བར་བྱེད་རྒྱུ་ཡིན།”