འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།ཁྲང་ཁྲུན་ཁྲང་ཧྲེན་ཀུང་སིས་ཁྲིམས་འགལ་སྒྲིག་འགལ་ངང་ཁྱི་སྨྱོན་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པ་ལ་སྨན་
རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་སྲིད་འཛིན་ཐོག་ནས་ཆད་པ་ནན་པོ་བཅད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་ཅི་ལིན་ཞིང་ཆེན་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་ལྟར་ཁྲང་ཁྲུན་ཁྲང་ཧྲེན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས(གཤམ་དུ་བསྡུས་མིང་ལ"ཁྲང་ཁྲུན་ཁྲང་ཧྲེན་ཀུང་སི"ཞེས་འབྲི་རྒྱུ)ཁྲིམས་འགལ་སྒྲིག་འགལ་ངང་ཁྱི་སྨྱོན་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པ་ལ་སྲིད་འཛིན་ཐོག་གི་ཆད་པ་ནན་པོ་བཅད། 
     སྲིད་འཛིན་ཐོག་གི་ཆད་གཅོད་ཡི་གེར་གསལ་པོར་བཀོད་དོན། ཁྲང་ཁྲུན་ཁྲང་ཧྲེན་ཀུང་སི་ལ་གཤམ་གསལ་གྱི་ཁྲིམས་དང་འགལ་བའི་དོན་དངོས་དོན་ཚན་བརྒྱད་ཡོད་པ་སྟེ། གཅིག ཐོན་སྐྱེད་ཁག་མི་འདྲ་བའི་རྫས་རྩི་མཉམ་བསྲེས་སྦྱོར་བཟོ་བྱས་པ་དང་། དེ་ནས་སླར་མཉམ་བསྲེས་སྦྱོར་བཟོ་བྱས་པར་ཡང་བསྐྱར་ཐོན་སྐྱེད་ཆོག་མཆན་ཨང་གྲངས་རྫུན་བཟོ་བྱས་པ། གཉིས། གྱོད་འབྲེལ་ཐོན་རྫས་ཁག་ཁ་ཤས་ཀྱི་ཐོན་སྐྱེད་ཆོག་མཆན་ཨང་གྲངས་སམ་དོན་དངོས་ཀྱི་ཐོན་སྐྱེད་དུས་ཚོད་གསར་བསྒྱུར་བྱས་པ། གསུམ། དུས་ཡུན་ལས་བརྒལ་བའི་རྫས་རྩི་གྱོད་འབྲེལ་ཐོན་རྫས་སུ་བེད་སྤྱད་པ། བཞི། གཏན་འབེབས་ཀྱི་ཐབས་ཤེས་ལྟར་སྨན་རྫས་སྨན་སྦྱོར་གྱི་ནུས་པའི་རིན་ཐང་ཚད་འཇལ་བྱས་མེད་པ། ལྔ། སྨན་རྫས་ཐོན་སྐྱེད་བེད་སྤྱོད་ཀྱི་ལྟེ་བྲལ་འཕྲུལ་འཁོར་ལ་འགྱུར་བ་བྱུང་བ་དེ་གཏན་འབེབས་ལྟར་ཐོ་འགོད་སྙན་སེང་བྱས་མེད་པ། དྲུག ཐོན་སྐྱེད་གནས་ཚུལ་སྐོར་གྱི་ཐོག་མའི་ཟིན་ཐོ་མེད་པར་བྱས་ཏེ། ཐོན་སྐྱེད་གནས་ཚུལ་གྱི་ཟིན་ཐོ་རྫུན་མ་བཟོས་པ། བདུན། ཡིག་ཆ་རྫུན་མ་ཡར་སྤྲད་དེ་སྐྱེ་དངོས་ཐོན་རྫས་ཀྱི་ཚད་ལོན་ལག་འཁྱེར་གཡོ་ལེན་བྱས་པ། བརྒྱད། ཁྲིམས་འགལ་གྱི་དོན་དངོས་གསང་ཐབས་སུ་མཁྲེགས་སྡེར་སོགས་ཀྱི་དཔང་རྟགས་མེད་པར་བཟོས་པ་བཅས་རེད། 
     སྲིད་འཛིན་ཆད་གཅོད་ཀྱི་བདག་སྤྲོད་བྱེད་ཁོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་ཅི་ལིན་ཞིང་ཆེན་བཟའ་བཅའ་སྨན་རིགས་ལྟ་སྐུལ་དོ་དམ་ཅུས་སོ་སོས་ཁྲང་ཁྲུན་ཁྲང་ཧྲེན་ཀུང་སི་ལ་སྲིད་འཛིན་ཐོག་གི་ཆད་པ་དོན་ཚན་མང་པོ་བཅད་ཡོད། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲང་ཁྲུན་ཁྲང་ཧྲེན་ཀུང་སིའི་ཁྱི་སྨྱོན་རིམས་འགོག་སྨན་ཁབ་ཀྱི་(རྒྱལ་ཁབ་ཀྱི་སྨན་འཐུས་ཡིགS20120016)སྨན་རྫས་ཁག་ལ་ཆོག་མཆན་བཀོད་པའི་བདེན་དཔང་ཡིག་ཆ་རྩིས་མེད་བཟོས་ཡོད། གྱོད་འབྲེལ་ཐོན་རྫས་སྐྱེ་དངོས་ལས་གྲུབ་པའི་སྨན་རྫས་ལ་ཚད་ལོན་ལག་ཁྱེར་མཆན་འགོད་ཆོག་མཆན་སྤྲད་པ་དེ་རྩིས་མེད་བྱསཔ་མ་ཟད། སྒོར་ཁྲི་1203གྱི་ཆད་པ་ཆབས་སྦྲགས་སུ་བཅད་ཡོད། ཅི་ལིན་ཞིང་ཆེན་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་གང་དེའི་《སྨན་རྫས་ཐོན་སྐྱེད་ཆོག་མཆན་ལག་འཁྱེར་》རྩིས་མེད་དུ་བཏང་བ་དང་། ཁྲིམས་འགལ་ངང་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་དང་། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་དུང་ཕྱུར་18.9གཞུང་བཞེས་བྱས་པ། ཁྲིམས་འགལ་ངང་ཐོན་སྐྱེད་བྱས་པ་དང་ཚོང་གཉེར་བྱས་པའི་ཚོང་རྫས་ཀྱི་ཡོང་འབབ་ཀྱི་ལྡབ་གསུམ་སྟེ་སྒོར་དུང་ཕྱུར་72.1ཆད་པ་བཅད་དེ། གཞུང་བཞེས་དང་ཆད་གཅོད་ཁྱོན་བསྡོམས་སྒོར་དུང་ཕྱུར་91བྱས་ཡོད།