འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།ཕྱི་འབྲེལ་པུས་ཐའེ་དབན་དང་འབྲེལ་བ་ཡོད་པའི་ཨ་རིའི་འགོ་ཁྲིད་པའི་གཏམ་བརྗོད་ནི་དཀར་ནག་ཕྱིན་ཅི་བསློགས་པ་
དང་བདེན་རྫུན་མཉམ་བསྲེས་བྱས་པ་ཞིག་རེད་ཅེས་ལན་སློག་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨ་རིའི་འགོ་ཁྲིད་པས་ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གསུམ་ལ་ཐའེ་དབན་དང“ཕྱི་འབྲེལ་གཅོད་རྒྱུའི”གོ་སྐོན་བློ་འགུགས་བྱས་པས་ཐའེ་དབན་མཚོ་འགག་གི་བརྟན་ལྷིང་ལ་འཇིགས་སྣང་བཟོས་ཡོད་ཅེས་བཤད་པར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས་15ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་སློག་སྐབས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་སྐྱོན་འཛུགས་ནི་དཀར་ནག་ཕྱིན་ཅི་བསློགས་པ་དང་བདེན་རྫུན་མཉམ་བསྲེས་བྱས་པ་ཞིག་རེད་ཅེས་བརྗོད།
     ལུའུ་ཁང་གིས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་ཐའེ་དབན་ནི་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་རེད། ཀྲུང་གོས་འབྲེལ་ཡོད་རྒྱལ་ཁབ་དང་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དེ་ནི་ཕྱོགས་གཉིས་ཀ་བདག་དབང་རྒྱལ་ཁབ་ཡིན་པའི་ངོས་ནས་བདག་དབང་དབང་ཆ་ལོངས་སྤྱོད་བྱས་པ་ཞིག་ཡིན་ལ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཡང་ཡོངས་སུ་མཐུན་པ་ཞིག་དང་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་པ་ཞིག་ཡིན་པས། དུས་ཀྱི་འཁོར་ཕྱོགས་དང་མི་སེམས་གཏད་ཕྱོགས་ཤིག་རེད། ཨ་རིས་ཉེ་བའི་ལོ་40ཡི་གོང་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་ཡོད། འོན་ཀྱང་ད་ཆ་རྒྱལ་ཁབ་གཞན་དག་གིས་དེ་ལྟར་བྱས་པར་གང་བྱུང་ལབ་གླེང་བྱེད་པ་དང་ཐ་ན་ཧམ་ཤེད་ཆེན་པོས་ཐེ་གཏོགས་བྱེད་པ་དེ་ནི་གནས་ལུགས་གཏན་ནས་མེད་པ་ཞིག་རེད་ཅེས་བརྗོད།
     ལུའུ་ཁང་གིས“ཐའེ་དབན་རང་བཙན”ཕྱོགས་གཏོགས་དང་དེའི་ཁ་ཕྲལ་བྱེད་སྤྱོད་ནི་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་འཇིགས་སྣང་ཆེ་ཤོས་བཟོ་མཁན་དེ་རེད། ཐའེ་དབན་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ངོགས་གཉིས་རྒྱལ་ཁབ་གཅིག་ལ་གཏོགས་པ་དང་། ངོགས་གཉིས་ཀྱི་འབྲེལ་བ་ནི་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་འབྲེལ་བ་མིན་པའི་ད་ཡོད་རྣམ་པར་གཏོར་བཤིག་གཏོང་རེ་བྱེད་པ་དེས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ཡོང་བར་འགོག་རྐྱེན་བཟོས་པ་མ་ཟད། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལའང་བསླད་སྐྱོན་གཏོང་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཚང་མས་དེར་ཁས་གཏན་ནས་ལེན་རྒྱུ་མེད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཐའེ་དབན་མཚོ་འགག་གི་ད་ཡོད་རྣམ་པར་གཏོར་བཤིག་གཏོང་མཁན་ཐའེ་དབན་དབང་འཛིན་མཁན་དང་འབྲེལ་བ་བཅད་པ་དང་དབྱེ་མཚམས་གསལ་པོ་ཕྱེ་བ་ནི་ཀྲུང་གོ་གཅིག་གི་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་སྲུང་སྐྱོང་བྱས་པ་ཞིག་རེད་ལ། ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལའང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་ཞིག་རེད་ཅེས་བརྗོད།
     ལུའུ་ཁང་གིས་ཨ་རི་ཕྱོགས་ཀྱིས་ཉེ་ལམ་ཐའེ་དབན་གྱི་གནད་དོན་ཐད་ནོར་འཁྲུལ་གྱི་བྱེད་སྟངས་རབ་དང་རིམ་ པ་སྤྱད་ཡོད་པའི་ནང་། ཐའེ་དབན་ས་ཁུལ་གྱི་འགོ་ཁྲིད་པ་ཨ་རི“བརྒྱུད་ནས་འགྲོ”ཆོག་པ་དང་ཐའེ་དབན་ལ་གོ་མཚོན་འཚོང་རྒྱུའི་འཆར་གཞི་ཁྱབ་བསྒྲགས་བྱས་པ་སོགས་ཚུད་ཡོད་ཅིང་། བྱེད་སྤྱོད་དེ་དག་གིས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་བ་དང་། “ཐའེ་དབན་རང་བཙན”ཕྱོགས་གཏོགས་ཀྱི་ཧམ་ཤེད་ཆེ་རུ་ཕྱིན་ནས་ཀྲུང་ཨའི་འབྲེལ་བ་དང་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་བཟོས་ཡོད་ཅེས་བརྗོད།
     ལུའུ་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་ཐའེ་དབན་དང་གཞུང་ཕྱོགས་ཀྱི་འགྲོ་འོང་གང་རུང་དང་དམག་དོན་གྱི་འབྲེལ་བ་གང་རུང་འཕེལ་རྒྱས་གཏོང་མཚམས་འཇོག་པ་དང་། ཐའེ་དབན་ས་ཁུལ་ལ་གོ་མཚོན་འཚོང་མཚམས་འཇོག་པ། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་ཟིན་པའམ་ཡང་ན་ཕྱི་འབྲེལ་འཛུགས་རེ་བྱེད་པའི་རྒྱལ་ཁབ་དེ་དག་ལ་ཁུངས་ལུང་མེད་པའི་ཐེ་གཏོགས་བྱེད་མཚམས་འཇོག་པ་བཅས་བྱས་ནས“ཐའེ་དབན་རང་བཙན”ཕྱོགས་གཏོགས་ཀྱི་འཕེལ་རྒྱས་ལ་གཅུན་སྡོམ་ཏན་ཏིག་བྱས་ཏེ་ཀྲུང་ཨའི་འབྲེལ་བ་དང་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་སྔར་ལས་ལྷག་པ་མི་བཟོ་བའི་སྐུལ་འདེབས་བྱ་རྒྱུ་ཡིན་ཞེས་བརྗོད།