འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་16ཉིན།

༄༅།།“རྒྱུད་གཅིག་ལམ་གཅིག”གི་མཁའ་ལམ་ཐོག་ལོ་ལྔ་ཡི་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུང་ཕྱུར་གཅིག་ལས་བརྒལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་10པ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་ལྔ་འཁོར་བ་དང་ཏག་ཏག་འཁེལ་བས་ལོ་ལྔ་ཡི་ནང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་མཁའ་ལམ་ཐོག ཁྱོན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་1.02ཟིན་ཡོད་པ་རེད།
         ཡོངས་བསྒྲགས་ཚོགས་འདུའི་ཐོག དམངས་སྤྱོད་མཁའ་འགྲུལ་ཅུས་སྐྱེལ་འདྲེན་སིའི་སི་ཀྲང་གཞོན་པ་ཡུས་པེའོ་ཡིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་པ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་བྱེད་འབོར་གྲངས་གནས་གཉིས་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། 2005ལོ་ནས་བཟུང་། རང་རྒྱལ་གྱི་མཁའ་འགྲུལ་སྐྱེལ་འདྲེན་བྱེད་ཚད(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་ཚུད་མེད)ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད་པ་རེད། 2017ལོའི་ལོ་མཇུག་བར། ལས་རིགས་ཧྲིལ་པོས་རིམ་རྩིས་ལྟར་ན་སྐྱེལ་འདྲེན་བྱེད་འབོར་ཏུན(སྤྱི་ལེ)དུང་ཕྱུར་1083དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་5.5 དངོས་ཟོག་དང་སྦྲག་ཐོག་བསྐུར་མ་དབོར་ཚད་ཏུན་ཁྲི་705.9བཅས་ཟིན་པ་ནི་1978ལོའི་ལྡབ་362དང་། ལྡབ་239 ལྡབ་110བཅས་ཡིན་པ་རེད། འགྲུལ་པ་སྐྱེལ་འདྲེན་བྱེད་འབོར་གྱིས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཁྲོད་ཀྱི་བསྡུར་ཚད་1978ལོའི་1.6%ནས་2017ལོའི་29%བར་འཕར་ཡོད་པ་རེད།
        ལོ་40ཡི་རིང་མཁའ་ལམ་དྲ་བའང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། 1978ལོར་རང་རྒྱལ་གྱི་རྒྱལ་ནང་དུ་མཁའ་ལམ་150ཁོ་ན་ལས་མེད་པས་ལོ་འཁོར་མོར་འཕུར་སྐྱོད་དུས་གཏན་གནམ་གྲུ་ལན་གྲངས་ཁྲི་4.55ཡོད་པ་དེས་རྒྱལ་ནང་གི་གནམ་ཐང་79ལ་འཕུར་སྐྱོད་བྱེད་ཀྱི་ཡོད། ལོ་40ཡི་རིང་འཕེལ་རྒྱས་མྱུར་པོ་བྱུང་བ་བརྒྱུད། 2017ལོར་རང་རྒྱལ་གྱི་རྒྱལ་ནང་དུ་མཁའ་ལམ་3519(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་ཚུད་མེད)ཟིན་པ་དེ་1978ལོའི་ལྡབ་23.46ཟིན་པ་དང་ལོ་འཁོར་མོར་དུས་གཏན་གནམ་གྲུ་ལན་གྲངས་ཁྲི་389.3ཟིན་པ་དེ་1978ལོའི་ལྡབ་85.6ཡིན་པ་རེད། རྒྱལ་ནང་གི་མཁའ་འགྲུལ་ཀུང་སི་60ཡིས་རྒྱལ་ནང་གི་གནམ་ཐང་229དང་འབྲེལ་བའི་མཁའ་ལམ་གཉེར་སྐྱོང་བྱས་ཡོད་པ་རེད། མིག་སྔ་བར། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་བཅས་གནད་འགག་ཆེ་གྲས་གསུམ་དང་ཁྲེང་ཏུའུ་དང་། ཁུན་མིང་། ཤིས་ཨན། ཝུའུ་ལུའུ་མུའུ་ཆི་སོགས་ས་ཁོངས་ཀྱི་གནད་འགག་དང་གནད་འགག་གཙོ་བོ་དེ་མཚམས་ཚིགས་ཀྱི་ལྟེ་བ་ཡིན་པའི་འཁོར་ལོའི་རྩིབས་མ་རྣམ་པའི་དྲ་རྒྱའི་གྲུབ་ཆ་དང་དེ་བཞིན་གནད་འགག་དབར་གྱི་མཁའ་དབྱིངས་ཀྱི་མྱུར་ལམ་དྲ་རྒྱའི་གྲུབ་ཆ་སྤྱིར་ན་ཆགས་ཡོད་པ་དང་ཆབས་ཅིག་རྒྱལ་སྤྱི་དང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་མཁའ་ལམ་ཡང་རྒྱ་ཆེར་ཕྱིན་ཡོད་པ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་མ་ཐག་ནང་ས་དང་ཤང་ཀང་དང་ཨའོ་མོན་དང་། སྐམ་ས་ཆེ་མོ་དང་ཐའེ་དབན་དབར་དུས་གཏན་གནམ་གྲུ་མེད་པ་དང་ད་ཆ་ཁྱོན་མཁའ་འགྲུལ་ཀུང་སི་23གྱིས་ངོགས་གཉིས་དབར་གྱི་མཁའ་ལམ་89ཡི་ཐོག་གཟའ་འཁོར་རེར་དུས་གཏན་གནམ་གྲུ་1398བཀོད་སྒྲིག་བྱེད་ཀྱི་ཡོད་པ་རེད། 1978ལོར་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ལ་ཁྱོན་རྒྱལ་སྤྱིའི་མཁའ་ལམ་12ཡོད་པ་ནས་2017ལོའི་ལོ་མཇུག་ཏུ་རང་རྒྱལ་དུ་ཁྱོན་མཁའ་འགྲུལ་ཀུང་སི་31ཀྱིས་རྒྱལ་སྤྱིའི་མཁའ་ལམ་810གཉེར་སྐྱོང་བྱེད་ཀྱི་ཡོད་པ་མ་ཟད། མིག་སྔར“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་43དུ་རྒྱལ་སྤྱིའི་མཁའ་ལམ་95ཤར་གཏོང་ཡང་ཐུབ་ཡོད་པ་རེད།
          གཞན་ཡང་གནམ་ཐང་གི་གྲངས་ཚད་དང་གཞི་ཁྱོན་ཡང་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ལོ་40ཡི་འཕེལ་རྒྱས་བརྒྱུད་མིག་སྔར་སྐྱེལ་འདྲེན་གནམ་ཐང་233ཡོད་པ་རེད། གནམ་ཐང་གི་གྲངས་ཚད་1978ལོ་ལས་ལྡབ་3འཕར་ཡོད་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་1978ལོའི་ལྡབ་495ཟིན་པ། དངོས་ཟོག་དང་སྦྲག་ཐོག་བསྐུར་མ་དབོར་ཚད་ལྡབ་257ཟིན་པ་བཅས་རེད།