འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་15ཉིན།

༄༅།།ས་མཐོའི་གཞུང་ལམ་མཛེས་ཤིང་ལྟ་ན་སྡུག་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་15ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གློག་འཕྲིན། ཤར་གཏོང་ཐུབ་ཉེར་ཡོད་པའི་མཚོ་སྔོན་ཞིང་ཆེན་ཏ་ཧོང་ཕིང་གཞུང་ལམ་རྣམས་གྲངས་ཀྱི་ལམ་རྒྱུད་དུ་ཨར་ལས་པས་གཞོགས་གཉིས་ཀྱི་རྩི་ཤིང་ལ་ཆུ་རྒྱག་བཞིན་ཡོད་པ་དང་ལམ་རྒྱུད་ཧྲིལ་པོར་ཨར་སྐྲུན་བྱས་ཤུལ་གཅིག་ཀྱང་མཐོང་རྒྱུ་མེད་པར། གཡས་གཡོན་གྱི་ཁོར་ཡུག་དང་གཞི་གཅིག་ཏུ་འདྲེས་ནས་མཛེས་སྡུག་ལྡན་པའི་སྣུམ་མཚོན་རི་མོ་ཞིག་དང་མཚུངས།
          “ད་བར་ཏ་ཧོང་ཕིང་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཐང་རྒོད་མུའུ་153ཙམ་ས་ཞིང་བཟོས་པ་དང་། ནགས་བཟོ་མུའུ་76ཙམ་བྱས་པ། ས་ཞིང་མུའུ་240ལྷག་ཙམ་སྒྱུར་བཀོད་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་གཞུང་ལམ་འཛུགས་སྐྲུན་དོ་དམ་ཅུས་ཏ་ཧོང་ཕིང་གཞུང་ལམ་རྣམ་གྲངས་གཞུང་ལས་ཁང་གི་ཀྲུའུ་རེན་ཡོན་ཞའོ་ཝུའེ་ཡིས་དེ་ལྟར་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཏ་ཧོང་ཕིང་གི་རྣམ་གྲངས་ཨར་སྐྲུན་བྱེད་རིང“ཨར་སྐྲུན་བྱེད་ཞོར་དུ་སླར་གསོ”བྱས་ཏེ་ཨར་སྐྲུན་བྱེད་སྐབས་ལམ་གཞིའི་གཞོགས་གཉིས་ལ་རྩི་ཤིང་བཏབ་ནས་ལམ་རྒྱུད་སྔོ་ཐིང་ཐིང་ཡོང་བར་བྱས་པས། གཞུང་ལམ་དེ་ཉིད་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད་ཅེས་བཤད།
         ཡོན་ཞའོ་ཝུའེ་ཡིས་གསར་འགོད་པར་གཞུང་ལམ་སྐྲུན་རིང་། ཨར་སྐྲུན་བྱས་ཤུལ་དུ་སྣོད་བཅུད་སླར་གསོ་བྱས་པ་མ་ཟད། སྔར་ཡོད་ཀྱི་སྣོད་བཅུད་ལ་གནོད་འཚེ་ཕོག་པར་ཉམས་གསོའང་བྱས་ཡོད། དཔེར་ན། ཏ་ཧོང་ཕིང་གཞུང་ལམ་རྣམ་གྲངས་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཅིང་ཡང་གྲོང་རྡལ་དུ་ཨར་སྐྲུན་བྱེད་སྐབས་ཡུལ་དེའི་མང་ཚོགས་ཚོས་ཁང་པ་བརྒྱབ་རྗེས་ཤུལ་དུ་ལུས་པའི་བེད་མེད་དངོས་རོ་ཁུལ་དུ་ས་བརྒྱངས་ནས་སླར་གསོ་བྱས་པས། ད་ཆ་དེ་ག་མུ་སྦྲེལ་གྱི་ཞིང་ཁར་གྱུར་ཡོད་ཅེས་བཤད།
        “སྣོད་བཅུད་སླར་གསོ་ནི‘གསབ་བཅོས་བྱེད་ཐབས’ཤིག་ཡིན་ཞིང་། དུས་འགོར་ཨར་སྐྲུན་ཇུས་གཞི་ཡག་པོ་བཟོ་གང་ཐུབ་བྱས་ཏེ་ལས་ཀ་ཚར་རྗེས་སླར་ཡང་ཉམས་གསོ་བྱེད་མི་དགོས་པ་ཡོང་བ་དེ་ཡིན”ཞེས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཐིའེ་ཅུན་གྱིས་དེ་ལྟར་བཤད་པ་དང་། ཁོང་གིས་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་བྱང་རིའི་ནགས་ཁུལ་དུ་སྒྲ་ཀྲེན་ལམ་བུ་འདིང་སྐབས་གཞུང་ལམ་འཛུགས་སྐྱོང་སྡེ་ཚན་གྱིས་སྔ་རྗེས་སུ་སྤྱི་ལེ་26གི་ལམ་རྒྱུད་ལེགས་གཏོང་བྱས་ནས་ནགས་ས་མུའུ་315.6བཟུང་ཚད་ཉུང་དུ་བཏང་བ་དང་། ཤིང་སྡོང་89591གཅོད་མི་དགོས་པ་བྱས་པ། ཤིང་སྡོང་60000གསར་དུ་བཙུགས་པ་མ་ཟད། འཁོར་འཇོག་ལྗོངས་གཟིགས་སྒང་དང་རྩི་ཤིང་བཏབ་པའི་ཡུར་བུ་སོགས་བཟོས་ནས་སྒྲ་ཀྲེན་གཞུང་ལམ་དེ་ཉིད་མཛེས་ཤིང་སྔོ་ལྗང་གོས་ཀྱིས་བཀླུབས་པའི་ལམ་བུ་ཞིག་ཏུ་བསྐྲུན་ཡོད་ཅེས་བཤད།
         ཀྲང་ཐིའེ་ཅུན་གྱིས། ད་ཆ་མཚོ་སྔོན་གཞུང་ལམ་འཛུགས་སྐྲུན་ཚན་པ་ཁག་གིས་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་ཀྱི་དངོས་ཕན་ལ་དོ་སྣང་དེ་བས་ཆེན་པོ་བྱེད་ཀྱི་ཡོད། ཁུ་ཁུ་ཤི་རི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཞིང་ཆེན་ལམ་308སྐྲུན་སྐབས་ལམ་རྒྱུད་ཀྱི་སྔོ་ཁེབས་འགོག་སྲུང་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་སོགས་ཀྱི་གནད་དོན་འཕྲད་ཡོད། འཛུགས་སྐྲུན་ཚན་པས་ཨར་སྐྲུན་མ་བྱས་གོང་གནད་དོན་དེ་དག་ལ་དམིགས་ནས་དབང་གྲགས་ཚན་པར་མངགས་བཅོལ་བྱས་ཏེ་ཆེད་དོན་ཇུས་གཞི་4བཏོན་པ་དང་། དེས་མ་ཟད་ད་དུང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་སོགས་འབྲེལ་ཡོད་དབང་གྲགས་སྡེ་ཚན་གདན་དྲངས་ནས་ལྷན་འཛོམས་ཞིབ་བཤེར་བྱས་ཏེ། 《S308ལམ་རྒྱུད་ཀྱི་ལམ་ཁོངས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་ལག་བསྟར་ཇུས་གཞི》བཟོས་ནས་ལམ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་བྱེད་གང་ཐུབ་བྱས་པ་རེད།
         “ད་ཆ་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་ཟུག་ཡོད་པ་མ་ཟད། ཤོག་ཐོག་ཏུ་ཡང་བྲིས་ཡོད”སྔོན་ཆད་ཨར་སྐྲུན་བྱེད་སྐབས་སྣོད་བཅུད་སྲུང་སྐྱོང་གི་སྔོན་རྩིས་གཅིག་ཀྱང་རྒྱག་གི་མེད། སྣོད་བཅུད་སྔོན་དུ་འཇོག་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་རྗེས་ལས་གྲྭའི་སྔོན་རྩིས་ཁྲོད་ནས་1.5%ཡི་ཆེད་དོན་གྲོན་དངུལ་བཏོན་ཏེ་སྣོད་བཅུད་སྲུང་སྐྱོང་ལ་སྤྱོད་ཀྱི་ཡོད། ད་ཆ་བསྡུར་ཚད་དེ་2.5%བར་འཕར་ནས་སྣོད་བཅུད་སྲུང་སྐྱོང་དེ་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད་ཅེས་མཚོ་སྔོན་ཞིང་ཆེན་གཞུང་ལམ་འཛུགས་སྐྲུན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཅན་ལེང་གིས་བརྗོད།
         ཉེ་བའི་ལོ་ལྔའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་104.1བཏང་ནས་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་ལས་གྲྭ་དང་དེ་བཞིན་རང་བྱུང་སྲུང་སྐྱོང་ཁུལ་གྱི་འབྲེལ་ཡོད་ལམ་དུམ་རྒྱུད་ཀྱི་སྣོད་བཅུད་སླར་གསོ་བཅོས་སྒྲིག་བྱས་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གྱི་སྔོ་འགྱུར་བྱ་རྒྱུར་འཚམ་པའི་ལམ་དུམ་སྔོ་འགྱུར་ཐུབ་ཚད་100%དང་རྒྱལ་ལམ་དཀྱུས་མའི་སྔོ་འགྱུར་བྱ་རྒྱུར་འཚམ་པའི་ལམ་དུམ་སྔོ་འགྱུར་ཐུབ་ཚད་90%ཟིན་ཡོད་པ་རེད།