འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་14ཉིན།

༄༅།།འབྲི་ཆུའི་ཆུ་འགོའི་ས་ཁོངས་ཁག་གཅིག་གི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་180ལྷག་ཙམ་ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་14ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཚན་ཞིབ་མི་སྣས་འབྲི་ཆུའི་ཆུ་འགོར་གནས་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྒྱ་ཐང་རྩྭ་ཐང་དང་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སོགས་སུ་ལྟ་ཞིབ་ཚད་ལེན་བྱས་པ་ལས་ཤེས་རྟོགས་བྱུང་བར། སྣོད་བཅུད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་སྦྲགས་ཉེ་བའི་ལོ་ཤས་རིང་ས་ཁོངས་དེར་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱི་གྲངས་འབོར་180ལྷག་ཙམ་ཟིན་ཡོད་པ་རེད།
         ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་ཡུལ་གྱི་སྲོག་ཆགས་ཡིན་པ་དང་གོ་ལ་ཧྲིལ་པོར་སྔོན་དཔག་བྱས་ན་ད་ཡོད་གྲངས་འབོར་10200ཡོད་པ་རེད། འདབ་ཆགས་རིགས་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2500ནས་5000བར་གྱི་སྤང་ཐང་དང་། འདམ་ར། མཚེའུ་སོགས་ཀྱི་ས་རྒྱུད་དུ་འཚོ་སྡོད་བྱེད་པ་དང་ཁྱུ་ཚོགས་གཙོ་བོ་རང་རྒྱལ་གྱི་མཚོ་སྔོན་དང་བོད་ལྗོངས་སོགས་ཀྱི་ས་ཆར་ཁྱབ་པ་དང་དེ་ནི་འཛམ་གླིང་ཐོག་ས་མཐོར་སྐྱེ་འཚར་དང་རྒྱུད་འཕེལ་བྱེད་པའི་ཁྲུང་ཁྲུང་གི་རིགས་ཉུང་ཤས་ཤིག་ཡིན་ལ་གོ་ལ་ཧྲིལ་པོའི་བར་སྣང་མཐོན་པོར་འཕུར་ཐུབ་པའི་འདབ་ཆགས་ཀྱི་གྲས་ཤིག་ཀྱང་ཡིན་པ་རེད།
        ཉེ་བའི་ལོ་གཉིས་ནང་། ཚན་ཞིབ་མི་སྣས་འབྲི་ཆུའི་ཆུ་འགོར་གནས་པའི་རྒྱ་ཐང་རྩྭ་ཐང་དང་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སོགས་ཀྱི་སྤྱི་ལེ་ངོས་གྲུ་110ཡི་ཁྲུང་ཁྲུང་སྐེ་ནག་ཁྱབ་ཚུལ་འདུས་ཚད་ཅུང་མཐོ་བའི་ས་ཁོངས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་དེའི་འབྲས་བུ་ལས་མངོན་པར་ས་གནས་དེར་ཡུན་རིང་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་180ལྷག་ཙམ་ཟིན་པའི་ནང་ཁྲུང་ཁྲུང་སྐེ་ནག་ཆ་16རྒྱུད་འཕེལ་གྱི་ལོར་སླེབས་པ་དང་ཆ་སྙོམས་ཆ་རེས་ལོ་རེར་སྒོ་ང་2གཏོང་གི་ཡོད།
          ཡུན་རིང་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་རི་ཐང་བརྟག་ཞིབ་བྱེད་པའི་པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་མི་སྣ་ཧན་ཞུའེ་སུང་གིས་ཁྲུང་ཁྲུང་སྐེ་ནག་གི་ཕྲུ་གུ་ལོ་ལྟར་གྱི་ཟླ་5པའི་ཡས་མས་སུ་མཚོ་བོད་ས་མཐོ་སོགས་སུ་སྒོ་ང་ནས་འདོན་གྱི་ཡོད། ཟླ་10པའི་ཟླ་མཇུག་ཏུ་ཁྲུང་ཁྲུང་དར་མས་ཁྲུང་ཁྲུང་ཕྲུ་གུ་ཁྲིད་དེ་གནམ་གཤིས་དྲོ་བའི་བོད་ལྗོངས་ལྷོ་རྒྱུད་དང་ཡུན་ནན་སོགས་སུ་དགུན་སྒྲོལ་བྱེད་པར་འགྲོ་གི་ཡོད། ད་ཡོད་ཀྱི་འདབ་ཆགས་རིགས་དེའི་ཁྱབ་ཚུལ་འདུས་ཚད་སྔོན་དཔག་བྱས་པར་གཞིགས་ན། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་གྲངས་འབོར་1500ལྷག་ཙམ་ཟིན་གྱི་ཡོད་ཅེས་བཤད་པ་རེད།
          པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་མི་སྣས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་དང་བཞའ་ཚན་ཆེ་རུ་འགྲོ་སྐབས་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་སླར་གསོ་བྱུང་མོད། འོན་ཀྱང་མངོན་མེད་ཀྱི་རྐྱེན་ངན་ཡང་ལྡན་ཡོད། དུས་ཐུང་ནས་བལྟས་ན་འདབ་ཆགས་རིགས་དེ་འཚོ་སྡོད་བྱེད་པའི་འདམ་ར་སོགས་སྣོད་བཅུད་མ་ལག་གི་རྒྱ་ཁྱོན་ཆེ་རུ་འགྲོ་བཞིན་ཡོད། ཡིན་ནའང་ཡུན་རིང་ནས་བལྟས་ན་མཚོ་བོད་ས་མཐོར་རིམ་བཞིན་ཚབས་ཆེར་འགྲོ་བའི་ཆར་པ་འབབ་པའི་དུས་ཚིགས་དོ་མི་སྙོམས་པར་གྱུར་ནས་ཁྲུང་ཁྲུང་སྐེ་ནག་སྒོ་ང་གཏོང་བ་དང་སྒོ་ང་ནས་དོན་པའི་དུས་ཚོད་ནར་འགྱངས་བྱེད་པ་དང་བྱིའུ་ཚང་ཆུས་སྣུབ་པ་སོགས་ཀྱི་གནས་ཚུལ་ཐོན་ཏེ་ཁྱུ་ཚོགས་བརྟན་པོའི་ངང་རྒྱུད་འཕེལ་བྱ་རྒྱུར་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།