འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་14ཉིན།

༄༅།།ཀྲུང་གོ་དང་ཐ་ཇིག་སི་ཐན་གྱིས“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་ནང་གི་
མཉམ་ལས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་བཏང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་14ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ནཱ་ནས་གློག་འཕྲིན་འབྱོར་གསལ། ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ལཱ་སུར་ཙུའོ་ཏ་ཡི་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཐ་ཇིག་སི་ཐན་དུ་དངོས་གཞིའི་འཚམས་འདྲིར་ཕེབས་ཉེར་ཡོད་པ་རེད། ཐ་ཇིག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་གཡོད་པིན་གྱིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ཐ་ཇིག་སི་ཐན་ནི་འཛམ་གླིང་ཐོག་ཀྲུང་གོ་དང་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་མཉམ་སྐྲུན་བརྗེད་ཐོར་མིང་རྟགས་འགོད་མཁན་རྒྱལ་ཁབ་ཐོག་མ་དེ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཐ་ཇིག་སི་ཐན་གྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་གི་མཉམ་ལས་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་བཏང་ནས་དེར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅེས་བརྗོད་པ་རེད།
          གཡོད་པིན་གྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ནི་ཀྲུང་ཐའི་འབྲེལ་བའི་རྨང་གཞི་ཡིན། ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་དབར་ཚད་མཐོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ལྡན་པ་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ལས་ཀའི་འབྲེལ་བ་ཟབ་མོ་དང་སྒེར་གྱི་མཛའ་གྲོགས་ཟབ་མོ་ཞིག་བཙུགས་ཡོད། ཀྲུང་ཐ་རྒྱལ་ཁབ་གཉིས་པོར་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་དང་དོན་དངོས་ཀྱི་མི་མཐུན་པ་གང་ཡང་མེད་པས། རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ལ་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོས་ཐ་ཇིག་སི་ཐན་ཕྱོགས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཡོད། ཐ་ཇིག་སི་ཐན་གྱིས་ཞིང་ལས་དང་བཟོ་ལས་གཙོ་བོར་བྱེད་པའི་རྒྱལ་ཁབ་ནས་བཟོ་ལས་དང་ཞིང་ལས་གཙོ་བོར་བྱས་པའི་རྒྱལ་ཁབ་ལ་འགྱུར་རྒྱུའི་འཕེལ་རྒྱས་དམིགས་ཚད་བཏོན་པ་མ་ཟད། 2030ལོའི་གོང་གི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱང་བཟོས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཐ་ཇིག་སི་ཐན་གྱི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་མཐོ་ཚད་དང་མཐུན་པར་བྱས་པ་དང་། ཐ་ཇིག་སི་ཐན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་2030ལོའི་གོང་གི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་གཏིང་ཟབ་བྱ་རྒྱུའི་ཡོངས་བསྒྲགས་ཀྱང་བྱས་ཡོད་ཅེས་བརྗོད་པ་རེད།
         གཡོད་པིན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྐུལ་འདེད་འོག་ཀྲུང་ཐའི་དངོས་སྒྲུབ་མཉམ་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད། ཉེ་བའི་ལོ་ཤས་ནང་། ཐ་ཇིག་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་དེ་བཟོ་ལས་ནས་བྱུང་མོད། འོན་ཀྱང་བཟོ་ལས་ཀྱི་མ་འཇོག་གཙོ་བོ་ནི་ཀྲུང་གོ་ནས་བྱུང་བ་ཞིག་རེད། ཉེ་བའི་ལོ་གསུམ་ནང་། ཐ་ཇིག་སི་ཐན་གྱི་རྒྱལ་ཁབ་ནང་ཁུལ་དུ་འཛུགས་སྐྲུན་བྱེད་བཞིན་པའམ་ཡང་ན་ལས་མཇུག་སྒྲིལ་བའི་བཟོ་ལས་ཁེ་ལས་ཆེ་གྲས་ཚང་མ་ནི་གཞི་རྩའི་ཐོག་ནས་བརྗོད་ན་ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་བྱས་པའམ་ཡང་ན་ཀྲུང་གོའི་ཁེ་ལས་ཞུགས་པ་ཤ་སྟག་རེད། ཀྲུང་གོ་འདི་ཉིད་ཐ་ཇིག་སི་ཐན་གྱི་མ་འཇོག་ཡོང་ཁུངས་ཀྱི་རྒྱལ་ཁབ་ཆེ་ཤོས་ལ་གྱུར་པ་དང་། ཐ་ཇིག་སི་ཐན་ལ་རིམ་རྩིས་བརྒྱབ་ན་མ་འཇོག་ཨ་སྒོར་དུང་ཕྱུར་20ལྷག་བྱས་པ་མ་ཟད་དེ་ཐ་ཇིག་སི་ཐན་གྱི་ཚོང་དོན་རོགས་ཟླ་གཙོ་བོའི་གྲས་ཤིག་ལའང་གྱུར་ཡོད་ཅེས་བརྗོད་པ་རེད།
         གཡོད་པིན་གྱིས་ཀྲུང་གོའི་མ་འཇོག་དེ་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་དང་། ཐ་ཇིག་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཁ་ཕྱོགས་ཆེན་པོ་གསུམ་སྟེ་ནུས་རྒྱུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་བཅས་ཚང་མ་ནི་ཀྲུང་གོས་མ་འཇོག་བྱས་པ་ཞིག་རེད། ཐ་ཇིག་སི་ཐན་གྱི་ཕྱིར་གཏོང་བྱས་ནས་ཕྱི་དངུལ་གཏོད་མཁན་ཁེ་ལས་ཆེ་ཤོས་ནི་ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་བྱས་པའི་ཀྲུང་ཐའེ(ཏན་ཅ་ལ)དར་གོས་ལམ་བུ་གསར་པའི་འཁེལ་འཐག་ཐོན་ལས་ཚད་ཡོད་ཀུང་སི་རེད། ཀྲུང་གོའི་ཁེ་ལས་ཀྱིས་ཐ་ཇིག་སི་ཐན་ལ་མ་འཇོག་བྱས་ནས་གསར་སྐྲུན་བྱས་པའི་ཧྭ་ཤིན་ཨར་འདམ་བཟོ་གྲྭ་དེས་ཐ་ཇིག་སི་ཐན་གྱིས་ཨར་འདམ་ནང་འདྲེན་ཁོ་ན་བྱེད་པའི་རྣམ་པར་འགྱུར་ལྡོག་བཏང་བ་མ་ཟད། ཐ་ཇིག་སི་ཐན་དེ་ཨར་འདམ་ཕྱིར་གཏོང་རྒྱལ་ཁབ་ཞིག་ལའང་གྱུར་ཡོད་པ་རེད། ཤིན་ཅང་གི་ཆེས་གློག་སྒྱུར་གྱིས་ཐ་ཇིག་སི་ཐན་གྱི་རྒྱལ་ས་དུ་ཤང་པེར་མ་འཇོག་བྱས་ནས་འཛུགས་སྐྲུན་བྱས་པའི་དུ་ཤང་པེར་གྱི་མེ་ཤུགས་གློག་འདོན་ས་ཚིགས་གཉིས་པ་དེས་ཐ་ཇིག་སི་ཐན་གྱི་རྒྱལ་ཁབ་དབུ་བརྙེས་ནས་ལོ་27སོང་རིང་དུས་དང་རྣམ་པ་ཀུན་ཏུ་འཕྲད་པའི་དགུན་དུས་གློག་བཀག་ནས་ཚད་གཞི་བཟོ་བའི་གནད་དོན་ཐག་གཅོད་ཐུབ་ཡོད། དེ་དང་ཆབས་ཅིག་ཐ་ཇིག་སི་ཐན་དུ་ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གའི་སྤྱི་ཚོགས་ལ་དྲིན་ལན་ཧུར་ཐག་འཇལ་ཆེད་ཁྱོན་སློབ་གྲྭ་12རོགས་སྐྲུན་བྱས་ཏེ་མི་ཁྲི་2ཙམ་སློབ་གྲྭར་སྐྱོད་པའི་གནད་དོན་ཐག་གཅོད་བྱས་ཡོད་ཅེས་བརྗོད་པ་རེད།
         གཡོད་པིན་གྱིས་ཀྲུང་ཐའི་དབར་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་ཧ་ཅང་བརྟན་པོ་ཡོད། ཐ་ཇིག་སི་ཐན་གྱི་ཁྲོམ་ལམ་ཆེ་ཆུང་གང་དུ་བསྐྱོད་ཀྱང་ས་གནས་དེ་གའི་མི་རྣམས་ཀྱིས“སྐུ་ཁམས་བཟང”ཞེས་རྒྱ་སྐད་བརྒྱབ་ནས་ཀྲུང་གོ་བ་ཚོར་ལག་བརྡ་བྱེད་ཀྱི་ཡོད། ཐ་ཇིག་སི་ཐན་གྱི་སྨྱན་སྦྱོར་གྱིས་ཀྱང་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གནས་ཚུལ་དྲང་ཕྱོགས་ནས་སྤེལ་གྱི་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཐ་ཇིག་སི་ཐན་དུ་མ་འཇོག་བྱས་ཏེ་ས་གནས་དེ་གའི་མི་རྣམས་ལ་ལས་ཞུགས་གོ་སྐབས་འབོར་ཆེན་ཞིག་མཁོ་འདོན་བྱས་པ་དང་། “རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཚ་རླབས”གང་མགྱོགས་འཕྱུར་ནས་གཞོན་ནུ་མང་པོ་ཞིག་གིས་རྒྱ་ཡིག་སློབ་སྦྱོང་བྱེད་པ་དང་ཀྲུང་གོར་སློབ་སྦྱོང་བྱེད་པར་སྐྱོད་རྒྱུ་དེ་མི་ཚེའི་གདམ་ག་གལ་ཆེན་ཞིག་ལ་བརྩི་གི་ཡོད་པ་རེད། ཐ་ཇིག་སི་ཐན་དུ་མིག་སྔར་ཁུང་ཙི་སློབ་གླིང་2དང་ཁུང་ཙི་སློབ་ཁང་གཅིག་ཡོད། ཐ་ཇིག་སི་ཐན་གྱི་སློབ་གྲྭ་ཆེ་མོ་དང་སློབ་འབྲིང་འགའ་ཤས་སུ་རྒྱ་ཡིག་སློབ་ཚན་གཉེར་ཡོད། ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་མཁན་ཐ་ཇིག་སི་ཐན་གྱི་སློབ་མའི་གྲངས་འབོར་ལོ་ཤས་ནང་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་། ཀྲུང་གོ་ཉིད་ཀྱང་ཨུ་རུ་སུའི་རྗེས་ཀྱི་ཐ་ཇིག་སི་ཐན་གྱི་ཕྱི་སྦྱོང་སློབ་མ་སློབ་སྦྱོང་བྱེད་པར་སྐྱོད་སའི་རྒྱལ་ཁབ་ཆེ་གྲས་གཉིས་པར་གྱུར་ཡོད།