འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་10ཉིན།

༄༅།།བོད་ལྗོངས་སུ་སྟོབས་ལེགས་གནམ་གཤིས་ལེ་ཏ་གཉིས་བསྐྲུན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་10ཉིན། 11:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན་གསར་འགོད་པས་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར་ཅུས་དེས་བསྐྲུན་འགན་འཁུར་བའི་སྲ་གཟུགས་ཧྲིལ་པོའི་Xསྒྲ་རླབས་ཀྱི་སྟོབས་ལེགས་གནམ་གཤིས་ལེ་ཏ་བསྐྲུན་ནས་ལས་སྒོའི་ནང་དངོས་སུ་སྤྱོད་འགོ་ཚུགས་པ་དེས་ད་ཆ་ལྷ་སའི་མཐའ་འཁོར་ས་ཆ་མང་ཆེ་བར་གནམ་གཤིས་ལེ་ཏས་ལྟ་ཞིབ་ཚད་ལེན་བྱེད་མི་ཐུབ་པའི་སྟོང་ཆ་གསབ་པ་མ་ཟད། གནམ་གཤིས་གནོད་འཚེའི་སྔོན་བརྡ་གཏོང་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་མཚོན་ཡོད།
          ལེ་ཏ་མ་ལག་དེས་ཚངས་ཕྱེད་སྤྱི་ལེ་75བརྒལ་སར་ནུས་ལྡན་ཞིབ་དཔྱད་ཐུབ་ནས་ཐིག་པ་དང་། བརྟན་པ། བེད་སྤྱོད་དང་ཉམས་གསོ་བྱེད་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་ལ། ད་དུང་ཆུ་ཚོད་24བསྟུད་མར་སྤྱོད་ཆོག་པ་དང་མིས་སྲུང་དགོས་ཀྱི་མེད་པ་རེད།
         གསར་འགོད་པས་ཤེས་རྟོགས་བྱས་པར། བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་དེ་སྔ་ལྷ་སར་Cསྒྲ་རླབས་ཀྱིས་སྟོབས་ལེགས་གནམ་གཤིས་ལེ་ཏ་གཅིག་བསྐྲུན་མོད། འོན་ཀྱང་རི་མང་བ་དང་མཐོ་བ་སོགས་ཀྱི་དམིགས་བསལ་ས་གཤིས་ཀྱི་ཤུགས་རྐྱེན་དབང་གིས་ལྟ་ཞིབ་ཚད་ལེན་ལ་ཤུགས་རྐྱེན་ཕོག་ཡོད། དེར་བརྟེན་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། རྩད་ཞིབ། རིགས་པས་ཁུངས་སྐྱེལ་སོགས་ཀྱི་ལས་དོན་ཐེངས་མང་བསྒྲུབས་རྗེས་མཐར་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་5474ཡོད་པའི་མལ་གྲོ་གུང་དཀར་རྫོང་གི་རྒྱ་མའི་རི་རྩེ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4973ཡོད་པའི་གོང་དཀར་རྫོང་གི་སྐྱ་རོག་ལའི་རི་རྩེར་སྲ་གཟུགས་ཧྲིལ་པོའི་Xསྒྲ་རླབས་ཀྱི་སྟོབས་ལེགས་གནམ་གཤིས་ལེ་ཏ་གཅིག་བཙུགས་པ་རེད།
         བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྤེན་པ་ཚེ་རིང་གིས“ལེ་ཏ་མ་ལག་གཉིས་དངོས་སུ་སྤྱོད་འགོ་ཚུགས་རྗེས། ལྷ་སའི་Cསྒྲ་རླབས་སྟོབས་ལེགས་གནམ་གཤིས་ལེ་ཏའི་མ་ལག་དང་མཉམ་སྤྱོད་ཐུབ་པ་དེས་ལྷ་སའི་མཐའ་འཁོར་གྱི་ས་ཆ་མང་ཆེ་བར་གནམ་གཤིས་ལེ་ཏས་ལྟ་ཞིབ་མི་ཐུབ་པའི་སྟོང་ཆ་གསབ་ཡོད། དེས་ལྷ་ས་དང་སྐྱིད་ཆུའི་སྨད་རྒྱུད་ཀྱི་གནམ་གཤིས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་ས་ཁོངས་ཀྱི་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་མཉམ་འགོག་ལྟ་ཞིབ་དང་། སྔོན་བརྡ་གཏོང་བ། ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། མི་ཐབས་ལ་བརྟེན་ནས་ཆར་པ་མང་དུ་གཏོང་བ་དང་སེར་བ་འགོག་པའི་ཐད་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་ཐུབ་རྒྱུ་རེད”ཅེས་བཤད།
        ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ནི་རང་རྒྱལ་གྱི་ངོས་ནས་གནམ་གཤིས་ཀྱི་གནོད་འཚེ་མང་ཙམ་ཕོག་པའི་ས་ཁུལ་གྱི་གྲས་ཡིན་ཞིང་། ལོ་ལྟར་དབྱར་དུས་སུ་ཐོག་རྒྱག་པ་སོགས་ཀྱི་གནམ་གཤིས་ཀྱི་གནོད་འཚེ་མང་པོ་ཐོན་གྱི་ཡོད། ད་ཕན་ལོ་ཤས་རིང་ཆར་པ་མང་དུ་ཕྱིན་པར་བརྟེན་ཞིང་འབྲོག་ལས་ཐོན་སྐྱེད་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད། དེར་བརྟེན་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ཕྱི་ལོ་སླར་ཡང་Xསྒྲ་རླབས་ཀྱི་སྟོབས་ལེགས་གནམ་གཤིས་ལེ་ཏ་གསུམ་བཙུགས་ནས་ལྷ་ས་གྲོང་ཁྱེར་དང་མཐའ་འཁོར་ས་ཁུལ་དུ་ལེ་ཏས་ལྟ་ཞིབ་ཚད་ལེན་ལ་སྐུལ་འདེད་གཏོང་རྒྱུ་རེད།