འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་30ཉིན།

༄༅།།ཆིང་ཧྲུའེ་རྫིང་བུར་རུ་ཧར་ཁུལ་གླེང་བ། 

—— བཟོ་ལས་ཁུལ་རྙིང་པ་སྒྱུར་བཀོད་ཐད་ཀྱི་ཀྲུང་གོ་དང་འཇར་མན་གྱི་བསྡུར་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་30ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། དུས་རབས་བཅུ་དགུ་པའི་དུས་དཀྱིལ་ནས་འགོ་ཚུགས་ཏེ་ཁུལ་གྱི་ལེགས་ཆ་དང་གཏེར་འདོན་དང་། ལྕགས་དང་ངར་ལྕགས། རྫས་འགྱུར་སོགས་ལ་བརྟེན་ནས་ལྕི་བའི་བཟོ་ལས་དར་བ་དང་འཇན་མན་གྱི་བྱང་རྒྱུད་ལའེ་དབྱིན—འོད་སི་ཐེ་ཧྥ་ལུན་ཀྲོའུ་ཡི་རུ་ཧར་ཁུལ་དུ་གོ་ལ་ཧྲིལ་པོའི་སྲོལ་རྒྱུན་གྱི་བཟོ་ལས་ཁུལ་ཆེ་ཤོས་བསྐྲུན་ཡོད། གནས་དེར་ཡོ་རོབ་ཀྱི་ལོ་རྒྱུས་རིང་ཤོས་ཀྱི་གྲོང་རྡལ་གཅིག་སྡུད་བྱས་ཡོད་ལ། ཏོ་ཐེ་མོང་ཏེ་དང་། ཨའེ་སེན། ཏུ་དབྱི་སི་པོར་སོགས་གྲགས་ཅན་བཟོ་ལས་གྲོང་ཁྱེར་འདུས་ཡོད།
          ལོ་བརྒྱ་ལྷག་ཙམ་གྱི་རྗེས་སུ་ཀྲུང་གོའི་དབུས་རྒྱུད་གྲོང་ཁྱེར་ཀྲུའུ་ཀྲོའུ་ཡི་ཤང་ཅང་གཙང་པོའི་ངོགས་ཀྱི་ཆིང་ཧྲུའེ་རྫིང་བུའི་ཁུལ་དུ་བཙོ་སྦྱང་དང་། རྫས་འགྱུར་བཟོ་ལས། འཛུགས་སྐྲུན་རྒྱུ་ཆ། མེ་ཤུགས་གློག་གཏོང་སོགས་ལྕི་བའི་རྫས་འགྱུར་བཟོ་ལས་ཁེ་ལས་གཅིག་རྗེས་གཉིས་མཐུད་ངང་འདུས་ཤིང་། ཀྲུང་གོ་གསར་པའི་བཟོ་ལས་དར་རྒྱས་ལས་འགན་ཕྲག་ཏུ་ཁུར་ནས་ཆིང་ཧྲུའེ་རྫིང་བུའི་འཕེལ་རྒྱས་རུ་ཧར་ཁུལ་དང་འདྲ་བའི་བཟོ་ལས་གཅིག་སྡུད་ཁུལ་དུ་གྱུར་ཡོད། དུས་རབས་འདིའི་དུས་འགོར། ས་ཁུལ་དེའི་བཟོ་གྲྭའི་གྲངས་འབོར་250ཟིན་ནས་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་མདོག་ལྡན་ལྕགས་རིགས་ཀྱི་ཐོན་སྐྱེད་རྟེན་གཞི་གལ་ཆེན་དུ་གྱུར་པ་དང་ཐོན་སྐྱེད་ཀྱི་ལོའི་ཐོན་རྫས་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་256ཟིན་ཡོད།
        འོན་ཀྱང་བཟོ་ལས་འཕེལ་རྒྱས་ཀྱིས་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་ཤིང་། འཇར་མན་གྱི་རྩོམ་པ་པོ་ཧེ་དབྱེན་ལི་ཤིས·པོར་གྱིས་རུ་ཧར་ཁུལ་གྱི་རྣམ་པ་ནི“ལའེ་དབྱིན་གཙང་པོའི་ངོགས་སུ་ཡོད་པའི་སྐར་ཚོགས་ལྟར་གྱི་རྫས་འགྱུར་བཟོ་གྲྭ་དེ་དག་རྫས་འགྱུར་སྨན་སྣ་ཁྲི་དྲུག་ལྷག་ཙམ་ལས་གྲུབ་པའི་ཨ་རག་ལྟ་བུ་རེད”ཅེས་བྲིས་ཡོད།
        སྦགས་བཙོག་གི་རྣམ་པར་འགྱུར་ལྡོག་གཏོང་བ་དེ་ནི་རུ་ཧར་ཁུལ་གྱི་གྲོང་ཁྱེར་དོ་དམ་པ་མང་པོའི་འདུན་པ་ཞིག་རེད། 1968ལོར་འཇར་མན་གྱི་པེ་འོད་ཀྲོའུ་ཡིས《1968ལོ་ནས་1973ལོ་བར་གྱི་རུ་ཧར་འཕེལ་རྒྱས་རྩ་གནད》བཏོན་ཚུན། རུ་ཧར་ཁུལ་གྱི་ཕྱོགས་སྒྱུར་རིམ་སྤོར་ཐད་སླར་ཡང་བཟོ་ལས་ཅན་དང་། གསར་དར་བཟོ་ལས་ཅན། ས་ཁོངས་སྒྱུར་བཀོད་གཞི་གཅིག་ཅན། ཐོན་ལས་གྲུབ་ཆ་སྣེ་མང་ཅན་བཅས་ཀྱི་དུས་མཚམས་བཞི་བརྒྱུད་ཡོད།
        ས་གནས་སྲིད་གཞུང་གིས་1979ལོར་《རུ་ཧར་གྱི་བྱ་སྤྱོད་འཆར་གཞི་》བཏོན་ནས་མ་དངུལ་རོགས་སྐྱོར་གྱི་ཁ་ཕྱོགས་བསྒྱུར་ཏེ་གསར་དར་ཐོན་ལས་དང་། ཞབས་ཞུའི་ལས་རིགས། ཁེ་ལས་འབྲིང་ཆུང་བཅས་ལ་རོགས་སྐྱོར་བྱས་པར་བརྟེན་རུ་ཧར་ཁུལ་གྱི་དྲ་ཐོག་ཆ་འཕྲིན་དང་སྐྱེ་དངོས་ལག་རྩལ་སོགས“དཔལ་འབྱོར་གསར་པའི”བཟོ་ལས་དབྱར་མཚོ་རྒྱས་པ་ལྟར་འཚར་ལོངས་བྱུང་བ་མ་ཟད། འཕེལ་རྒྱས་ཀྱི་མྱུར་ཚད་ཀྱང་འཇར་མན་གྱི་ས་ཁུལ་གཞན་གྱི་སྔོན་དུ་སླེབས་ཡོད་པ་རེད།
         གཙང་བཟོ་སྒྱུར་བཀོད་དང་ཐོན་ལས་གྲུབ་ཆ་བཟང་སྒྲིག་རིམ་སྤོར་བྱས་པ་བརྒྱུད་རུ་ཧར་ཁུལ་རྡོ་སོལ་དང་ལྕགས་དང་ངར་ལྕགས་ཀྱིས་ཐོན་སྐྱེད་རྨང་གཞི་བྱེད་པ་དང་། གློག་རྡུལ་རྩིས་འཁོར་དང་ཆ་འཕྲིན་ཐོན་ལས་ལག་རྩལ་གྱིས་སྣེ་འདྲེན་བྱེད་པ། ལས་རིགས་མང་པོ་མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་དཔལ་འབྱོར་ཁུལ་གསར་པར་རིམ་གྱིས་གྱུར་ཡོད།
        ཆིང་ཧྲུའེ་རྫིང་བུའི་བཟོ་ལས་ཁུལ་རྙིང་པའང་རུ་ཧར་ཁུལ་དང་འདྲ་བའི་ཁོར་ཡུག་སྲུང་སྐྱོང་གི་གནོན་ཤུགས་དང་ཐོན་ལས་ཕྱོགས་སྒྱུར་གྱི་གནོན་ཤུགས་ཕྲད་ཡོད། ཀྲུའུ་ཀྲའོ་མི་དམངས་ལ་དྭངས་ཤིང་གཙང་བའི“ཆིང་ཧྲུའེ་རྫིང་བུ”སྐྲུན་ཆེད་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱིས་འབད་འཐབ་ལྷོད་མེད་བྱས་ཏེ་2013ལོར་ཆིན་ཧྲུའེ་རྫིང་བུ་ཧྲིལ་པོ་གནས་སྤོས་སྒྱུར་བཀོད་བྱ་རྒྱུའི་སེམས་ཐག་བཅད་དེ་ཕྱོགས་ཡོངས་ནས་ཐོན་ལས་གྲུབ་ཆ་རིམ་སྤོར་བྱེད་འགོ་ཚུགས་པ་རེད།
        “སྒོ་རྒྱག་པ་དང་། ཐོན་སྐྱེད་བྱེད་མཚམས་འཇོག་པ། ཟླ་སྒྲིལ་གཏོང་བ། ཕྱོགས་སྒྱུར”བཅས་བྱས་པ་བརྒྱུད། དུ་ཁུང་རེ་རེ་བཞིན་བསློགས་ནས་ཆིང་ཧྲུའེ་རྫིང་བུའི་ཁུལ་དུ་ཕྱོགས་གཅིག་ནས་སྦགས་བཙོག་རྗེས་ལུས་ཀྱི་ཐོན་ནུས་མེད་པར་བཟོས་པ་དང་། ཕྱོགས་གཞན་ཞིག་ནས་སྦགས་བཙོག་བཅོས་སྒྲིག་བྱས་ཡོད། 2017ལོའི་ལོ་མཇུག་བར་ཁུལ་དེའི་རྗེས་ལུས་སྦགས་བཙོག་ཁེ་ལས་ཚང་མ་མེད་པར་བཟོས་པ་རེད།
         ཀྲུའུ་ཀྲའོ་གྲོང་ཁྱེར་གྱིས“འཕྲི་ཐབས”ཀྱི་བྱེད་ཐབས་སྤྱད་པ་དང་ཆབས་ཅིག“སྣོན་པའི”བྱེད་ཐབས་སྤྱད་དེ་དུས་ཐོག་ཏུ་ཁུལ་དེའི་ལྗང་མདོག་ཐོན་ལས་དང་གསར་དར་ཐོན་ལས་སྣེ་ཁྲིད་ཀྱིས་ཐོན་ལས་གྲུབ་ཆར་སྐུལ་འདེད་བཏང་བ་རེད། བྱེད་ཐབས་དེ་རུ་ཧར་ཁུལ་དང་འདྲ་པོ་ཡོད་ཅིང་། རུ་ཧར་ཁུལ་གྱིས་སྔར་ཡོད་ཀྱི་བཟོ་ལས་ཀྱི་ས་ཆར་ཚོང་ལས་དང་། ཞབས་ཞུའི་གླིང་ཁུལ། ལག་རྩལ་ལྟེ་གནས་བཅས་བསྐྲུན་ཡོད།
         “སྔོན་མ་ལྟར་བསྐྲུན་རྒྱུ”དང་རིག་གནས་སྒྱུ་རྩལ་འདྲེན་པ་ནི་རུ་ཧར་ཁུལ་སྒྱུར་བཀོད་ཀྱི་ཁྱད་ཆོས་ཆེན་པོ་ཞིག་རེད། བཟོ་ལས་ཀྱི་རྗེས་ཤུལ་དུ་རྟེན་རྫས་བཤམས་མཛོད་ཁང་དང་། ཕྱི་རོལ་གྱི་རོལ་དབྱངས་ཐང་ཆེན། སྡོད་ཁང་བཅས་བསྐྲུན་ཡོད།
          ཆིན་ཧྲུའེ་རྫིང་བུས་འཇན་མན་གྱི་གྲུབ་འབྲས་ཉམས་མྱོང་ལ་དཔེ་བལྟས་ནས་ཁྱོན་རྒྱ་ཁྱོན་མུའུ་3500ཡོད་པའི་ཆིང་ཧྲུའེ་རྫིང་བུའི་བཟོ་ལས་ཀྱི་རྗེས་ཤུལ་དུ་སྤྱི་གླིང་བསྐྲུན་རྒྱུའི་ཇུས་གཞི་བཀོད། ཇུས་གཞི་དེར་ཆིང་ཧྲུའེ་རྫིང་བུའི་བཟོ་ལས་ཀྱི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་སྲུང་སྐྱོང་དང་སྔར་ཡོད་གྲོང་ཁྱེར་གྱི་དྲན་འཆར་བསྐྱར་གསོ་ཐུབ་རྒྱུ་དམིགས་ཡུལ་དུ་བྱས་ནས་ཡུལ་སྐོར་དང་། དངོས་མང་སྟོན་ཚོགས་དང་ཚོགས་འགྲེམས། ལུས་རྩལ་ལས་འགུལ། རིག་གནས་སྤྲོ་གསེང་། རིག་སྐྲུན་གཞུང་ལས། བྱིས་པའི་རོལ་རྩེད། ཁྱད་ལྡན་ཚོང་ལས་བཅས་གཞི་གཅིག་གི་བཟོ་ལས་དང་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་སྤྲོ་གསེང་སྤྱི་གླིང་བསྐྲུན་རྒྱུ་རེད། མིག་སྔར་ཀྲུའུ་ཀྲོའུ་གྲོང་ཁྱེར་རིག་གནས་སྡེ་ཚན་གྱིས་སྣེ་ཁྲིད་དེ་ལོ་རྒྱུས་དང་། ཚན་རྩལ། སྒྱུ་རྩལ། སྤྱི་ཚོགས་ཀྱི་རིན་ཐང་བཅས་ལྡན་པའི་བཟོ་ལས་ཤུལ་བཞག་གནས་118བརྟག་དཔྱད་ཐོ་འགོད་བྱས་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། དབྱང་ཅན་དང་། ཀྲུའུ་ཁྲེང་། སུན་ཨའོ་མོང་།