འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་28ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《བསམ་འཆར་》བཀྲམ་ནས་གསར་གཏོད་ལས་གཏོད་སྤུས་ཚད་མཐོ་པོས་
འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ“གཉིས་གཏོད”ཀྱི་རིམ་སྤོར་པར་གཞི་བཏོད་པ

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་28ཉིན། 12:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་ཆོག་མཆན་གནང་བ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང《གསར་གཏོད་ལས་གཏོད་སྤུས་ཚད་མཐོ་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ“གཉིས་གཏོད”ཀྱི་རིམ་སྤོར་པར་གཞི་གཏོད་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
         《བསམ་འཆར་》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། “གཉིས་གཏོད”ཀྱི་རིམ་སྤོར་པར་གཞི་བཏོད་དེ་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་སྔར་བས་བཟང་སྒྲིག་དང་། གསར་གཏོད་ལས་གཏོད་ཀྱི་མ་གནས་ཆུང་དུ་གཏོང་བ། ལས་གཏོད་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ། འདེགས་སྐྱོར་ལས་སྟེགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། དྲ་ཐོག་དྲ་ཕྱི་ཟུང་འབྲེལ་དང་། ཐོན་སློབ་ཞིབ་སྤྱོད་བཅས་མཐུན་སྦྱོར། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་བཅས་ཀྱི་གསར་གཏོད་ལས་གཏོད་ཀྱི་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྒུལ་ནུས་གསར་པ་མགྱོགས་མྱུར་སྐྱེད་སྲིང་འཕེལ་རྒྱས་དང་ལས་ཞུགས་གང་ལེགས་ཐུབ་པ་དང་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
         《བསམ་འཆར་》ནང“གཉིས་གཏོད”ཀྱི་རིམ་སྤོར་པར་གཞི་གཏོད་རྒྱུའི་ཐད་ཕྱོགས་བརྒྱད་ཀྱི་སྲིད་ཇུས་བྱེད་ཐབས་བཏོན་པ་སྟེ། གཅིག་ནི་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་གཞུང་དྲང་ཁྲོམ་རའི་ཁོར་ཡུག་བཏོད་དེ་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནི་ནོར་ཁྲལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེར་བཏང་ནས་གསར་གཏོད་ལས་གཏོད་ཀྱི་ཐོན་རྫས་དང་ཞབས་ཞུ་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལག་རྩལ་སྒྲིག་ཆས་གལ་ཆེན་ཐོག་མ(ཆ་ཚང)ཚོད་ལྟ་བེད་སྤྱོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཤེས་བྱའི་བདག་དབང་དོ་དམ་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གསར་གཏོད་ལས་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནི་ཚན་ཞིབ་མི་སྣ་ཚན་རྩལ་ལས་གཏོད་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དམག་ཞབས་ཐིམ་པའི་དམག་མིའི་རང་བརྟེན་གསར་གཏོད་ཀྱི་རྒྱབ་སྐྱོར་སྲིད་ཇུས་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མེས་རྒྱལ་དུ་ཕྱིར་ལོག་དང་ཕྱི་ཁོངས་ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་ཀྱི་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཚོགས་སྤྱི་དེ་བས་མང་པོ་གསར་གཏོད་ལས་གཏོད་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལས་གཏོད་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་ནུས་པའི་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ། བཞི་ནི་གསར་གཏོད་རྣམ་པའི་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་ནས་མཐོ་སློབ་དང་ཚན་ཞིབ་ཁང་དང་སུའོ་དབར་གསར་གཏོད་ལས་གཏོད་ཀྱི་མཉམ་ལས་དམ་ཟབ་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་སྒྲིག་སྒྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ནུས་པའི་རིམ་སྤོར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། ལྔ་ནི་གསོ་སྐྱོང་སྒྲིག་གཞི་དང་ཀུན་གཏོད་བར་མཐོངས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་སྟེགས་བུ་གཏོད་པ་དང་། བཟོ་ལས་དྲ་སྦྲེལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “དྲ་སྦྲེལ+”གསར་གཏོད་ལས་གཏོད་ཀྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གསར་གཏོད་ལས་གཏོད་ཀྱི་གཙོ་གནད་སྤུས་རྟགས་གཏོད་པ་བཅས་བྱས་ཏེ་གསར་གཏོད་ལས་གཏོད་ཀྱི་སྟེགས་བུའི་ཞབས་ཞུའི་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། དྲུག་ནི་དངུལ་རྩའི་སྒྲིག་གཞིས་གསར་གཏོད་ལས་གཏོད་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་ནུས་ལྡན་ངང་ཞབས་འདེགས་ཞུ་རྒྱུར་སྣེ་ཁྲིད་བྱས་ཏེ་ལས་གཏོད་ལ་མ་དངུལ་བཏང་ནས་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གསར་གཏོད་ལས་གཏོད་ཀྱི་ཐད་ཀའི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་ཇེ་ཡངས་སུ་གཏོང་བ། གསར་གཏོད་ལས་གཏོད་ཀྱི་ཧེ་བག་ཅན་གྱི་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གསར་གཏོད་ལས་གཏོད་ཀྱི་དངུལ་རྩའི་ཞབས་ཞུ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ། བདུན་ནི་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་གནས་བཏོད་དེ་གསར་གཏོད་ལས་གཏོད་གཅིག་སྡུད་ཁུལ་སྐྱེད་སྲིང་དང་། “གཉིས་གཏོད”ཀྱི་དཔེ་སྟོན་རྟེན་གཞིའི་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ། གསར་གཏོད་ལས་གཏོད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གསར་གཏོད་ལས་གཏོད་ཀྱི་འཕེལ་རྒྱས་ཀྱི་མཐོ་ས་མགྱོགས་མྱུར་སྐྲུན་དགོས་པ། བརྒྱད་ནི་གསར་གཏོད་ལས་གཏོད་ཀྱི་སྲིད་ཇུས་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་འགག་རྩའི་སྲིད་ཇུས་དོན་འཁྱོལ་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་གསར་གཏོད་ལས་གཏོད་ཀྱི་ཉམས་མྱོང་ཁྱབ་གདལ་བཏང་ནས་སྲིད་ཇུས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”བཤངས་དགོས་པ་བཅས་རེད།
         《བརྡ་ཐོའི་》ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་། ལྟ་སྐུལ་ལ་ཤུགས་སྣོན། འཕྲལ་དུ་ཕྱོགས་སྡོམ་བཅས་བྱས་ཏེ་སྲིད་ཇུས་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་གྱིས་ལས་གཏོད་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་དང་ཚན་རྩལ་གསར་གཏོད་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་སྐྱེད་སྲིང་། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འཕེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།