འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་26ཉིན།

༄༅།།སྟོན་དུས་ཞིང་ནས་གཡུར་ཟའི་འབྲས་བུ་བསྡུ། 

—— ས་གནས་ཁག་གིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྐོར་གྱི་སྒྲིལ་གླེང་།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་26ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་23ཉིན་གཉེར་བའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོའི་པེ་ཅིང་ཚོཌ་ར་གཙོ་བོའི་རྟེན་འབྲེལ་བྱེད་སྒོའི་ཕྱོགས་གང་ས་ནས་ལོ་ལེགས་ཀྱི་དགའ་སྤྲོས་ཁེངས།
           ཏང་ཀྲུང་དབྱང་གི་ཆོག་མཆན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན་ཐོབ་པ་བརྒྱུད། 2018ལོ་ནས་བཟུང་ལོ་ལྟར་གྱི་ལུགས་རྙིང་ལོའི་སྟོན་མཉམ་གྱི་ཉིན་མོ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་གཏན་འཁེལ་བྱས་ཡོད།
          ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུ་ཡིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གསར་དུ་བཙུགས་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་གལ་ཆེན་ལྡན་ཡོད་པས་དེས“ཞིང་གསུམ”ལས་དོན་གྱི་གནས་བབ་གལ་ཆེན་སྔར་བས་མངོན་རྒྱུར་དགེ་མཚན་ལྡན་ལ་ཞིང་པ་དུང་ཕྱུར་ཁ་ཤས་ཀྱི་གཟི་བརྗིད་ལྡན་པའི་བསམ་པ་དང་། བདེ་སྐྱིད་ཚོར་སེམས། ཐོབ་ཚོར་བཅས་ཆེ་རུ་འགྲོ་རྒྱུར་དགེ་མཚན་ལྡན་ཡོད་པ་མ་ཟད། ཀྲུང་ཧྭའི་སོ་ནམ་ཤེས་དཔལ་དང་ཕུལ་བྱུང་རིག་གནས་ཀྱི་སྲོལ་རྒྱུན་ལ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཡང་དགེ་མཚན་ཡོད་ཅེས་བཤད།
          ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་བྱེད་སྒོའི་སྤྱིའི་བཀོད་སྒྲིག་ནི1+6+Nགྱི་རྣམ་པ་ཡིན་པ་སྟེ། པེ་ཅིང་དུ་བཀོད་སྒྲིག་བྱས་པའི་ཚོགས་ར་གཙོ་བོ་1གི་བྱེད་སྒོ་དང་། ཀྲེ་ཅང་ཨན་ཅི་ཡུས་གྲོང་ཚོ་དང་། ཧྲའན་ཤིས་དབྱང་ལིང་། ཨན་ཧུའེ་ཁྲུའུ་ཀྲོའུ། ཧེ་ལུང་ཅང་སུའེ་ཧྭ། སི་ཁྲོན་ཁྲེང་ཏུའི་ཏུའུ་ཅང་ཡན། ཀོང་ཏུང་མའེ་ཀྲོའུ་བཅས་སུ་བཀོད་སྒྲིག་བྱས་པའི་ཡན་ལག་ཚོགས་ར་6གི་བྱེད་སྒོ། ད་དུང་ས་གནས་100ལྷག་ཙམ་གྱི་ཁྱད་ལྡན་རིམ་སྤེལ་བྱེད་སྒོ་བཅས་རེད།
        དཔྱིད་ཀྱི་མེ་ཏོག སྟོན་གྱི་འབྲས་བུའི་དཔེ་ལྟར། ཟླ་དགུ་པར་རྒྱལ་ཡོངས་ཀྱི་སྟོན་བསྡུའི་ལས་འགོ་རིམ་གྱིས་ཚུགས་པ་དང་། ཞིང་ལས་དང་གྲོང་གསེབ་པུའི་ཞིང་བབ་དོ་དམ་བཀོད་སྒྲིག་གཞིར་བཟུང་། ད་ལོ་སླར་ཡང་ལོ་ལེགས་འབྱུང་རེ་ཡོད་པས་ལོ་ཧྲིལ་པོའི་ལོ་ལེགས་ཐོན་འབབ་རྒྱ་མ་དུང་ཕྱུར་12000ཡན་མུ་མཐུད་རྒྱུན་འཁྱོངས་ཐུབ་རྒྱུ་རེད།
         སོ་ནམ་རིག་གནས་ལ་ས་ཁོངས་རང་བཞིན་ཤུགས་ཆེན་ལྡན་པས་སོ་ནམ་ཐོན་སྐྱེད་བྱེད་སྟངས་ཡིན་ནའང་འདྲ། ཞིང་ལས་ཐོན་རྫས་རིགས་ཡིན་ནའང་འདྲ། ཚང་མར་རང་ཉིད་ཀྱི་ཁྱད་ཆོས་ལྡན་ཡོད། དུས་ཆེན་གཅིག་ཡིན་ཡང་ས་ཁོངས་མི་འདྲ་བར་གཏོང་སྟངས་མི་འདྲ་བ་རེ་ཡོད།
         ཚེས་23ཉིན། ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་ཡུས་གྲོང་ཚོར་གྲོང་མི་ཚོས་ཡུལ་སྐོར་བ་དང་མཉམ་དུ་ཇ་བཏུངས་ནས་དུས་ཆེན་གྱི་དཔལ་ལ་རོལ་བ་དང་། ཧྲའན་ཤིས་དབྱང་ལིང་དུ་ཞིང་སྤྱོད་མི་མེད་གནམ་གྲུ་དང་མི་མེད་འདྲུད་འཐེན་འཁོར་ལོའི་འཁྲབ་སྟོན་གྱིས་ཀུན་གྱི་ཡིད་དབང་ཡོངས་སུ་བཀུག “འབྲུ་མཛོད་ཆེན་པོ”ཧེ་ལུང་ཅང་སུའེ་ཧྭ་གྲོང་ཁྱེར་དུ་ལོ་ལེགས་བྱུང་བའི་ཞིང་པའི་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་དང་དེར་སླེབས་པའི་ཡུལ་སྐོར་བས་ཆུ་འབྲས་ཀྱི་དྲོ་བ་མྱོང་བཞིན་རོལ། ལིང་ནན་ཞིང་ལས་ཀྱི“སྒར་ས་ཆེན་པོ”ཀོང་ཏུང་མའེ་ཀྲོའུ་གྲོང་ཁྱེར་དུ་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་ཟོག་ཧྲུན་ཧྥེང་སོགས་མྱུར་སྐྱེལ་ལ་གཏོང་བ། ཧོ་ནན་ཤིན་ཀྲེང་གྲོང་ཁྱེར་གྱི་ཧུང་ཙའོ་གྲོང་རྡལ་དུ་ཤིན་ཀྲེང་གི་ཆི་བི་ཁ་དང་། ལིང་པའོ་ཡི་ཀུ་ཤུ། ཀྲེང་དབྱང་གི་བ་དམ། ཀྲེ་ཁྲེང་གི་སུར་པན་སོགས་ཁྱད་ལྡན་ཞིང་ལས་ཐོན་ཟོག་དེ་གར་བཏོན་ཡོད།
         གྲངས་གཞི་ལས་མངོན་དོན། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ཁྱོན་མི་ཐེངས་དུང་ཕྱུར་16ལ་སྣེ་ལེན་ཞུས་ཏེ། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་4200བྱུང་བ་དེ་དུས་མཚུངས་ལས་15%འཕར་ཡོད། ལོ་ལེགས་དུས་ཆེན་གསར་དུ་བཙུགས་པ་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ཞིང་སྡེའི་འཚོ་བར་རོལ་བ་དང་ཞིང་གྲོང་གི་རིག་གནས་མྱོང་རོལ་ལ་གོ་སྐབས་གསར་པ་ཞིག་ཀྱང་བྱིན་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡུས་ཝུན་ཅིང་དང་ཏུང་ཅུན།