འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་ཀྲུང་གོ་དང་ཕྱོགས་ཡོངས་ནས་མཉམ་ལས་གཏིང་ཟབ་བྱ་རྒྱུར་
མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ལས་ཚབ་སྤྱི་ཁྱབ་ཀན་ཧྲི་མཱ་ལི·ཨེ་ལི་སི·ཧའེ་ཝོ་ཏེ་ཡིས། ཀྲུང་གོའི་ཉིང་རྡུལ་བཟོ་ལས་ཐད་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་ནི་ཡིད་སྨོན་བྱེད་དགོས་པ་ཞིག་རེད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞི་དང་ཀྲུང་གོས་ཉིང་རྡུལ་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་མཉམ་ལས་གཏིང་ཟབ་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
        ཧའེ་ཝོ་ཏེ་ཡིས་ཚེས་17ཉིན་ཨོ་སི་ཁྲུ་རི་ཡའི་ཝི་ཨེན་ན་མཉམ་འབྲེལ་རྒྱལ་ཚོགས་ལྟེ་གནས་སུ“ཉིང་རྡུལ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད”ཅེས་པའི་ཀྲུང་གོའི་ཉིང་རྡུལ་བཟོ་ལས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་སྐབས་སྐད་ཆ་དེ་དག་བརྗོད་པ་རེད། ཁོང་གིས། ཀྲུང་གོས་ཉིང་རྡུལ་ཁྱབ་ཁོངས་ཀྱི་སྔོན་ཐོན་ལག་རྩལ་དང་། ལས་གྲྭ་འཛུགས་སྐྲུན། རིགས་གཅིག་མཁས་ཅན་གྱི་དཔུང་ཁག་བཅས་དང་དེ་བཞིན་མ་དངུལ་སོགས་ཐད་ཀྱི་ལེགས་ཆ་སྤྱད་དེ་དགོས་མཁོ་ཡོད་པའི་ཁོངས་མིའི་རྒྱལ་ཁབ་ལ་ཉིང་རྡུལ་གྱི་རྨང་གཞིའི་གྲུབ་ཆ་འཛུགས་སྐྲུན་བྱེད་རོགས་བྱས་ནས། ཉིང་རྡུལ་ལག་རྩལ་རྒྱ་ཁྱབ་སྤྱོད་རྒྱུར་སྐུལ་འདེད་ཀྱིས། ཁོངས་མིའི་རྒྱལ་ཁབ་ལ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་རོགས་རམ་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
        ཧའེ་ཝོ་ཏེ་ཡིས་ལྟ་སྐོར་བྱས་རྗེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས། ཀྲུང་གོར་ཉིང་རྡུལ་ལག་རྩལ་གྱི་ཆེད་ལས་ཤེས་ལྡན་པ་མང་པོ་ཡོད་པས། ཀྲུང་གོའི་ཉིང་རྡུལ་བཟོ་ལས་ལག་རྩལ་གྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ཁོངས་མིའི་རྒྱལ་ཁབ་ལ་ཕན་པ་ཐོབ་རྒྱུ་རེད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞི་དང་ཀྲུང་གོས་མཉམ་ལས་ཡག་པོ་བྱེད་ཀྱི་ཡོད་ལ་མཉམ་ལས་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་པ་རེད།