འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།མཚོ་སྔོན་གྱིས“ཡུལ་དམག+”ཡི་རྣམ་པར་བརྟེན་ནས་ཡུལ་དམག་དཔུང་ཁག་འཛུགས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་རྨ་སྟོད་ཤང་དགུ་གཞུང་གྲོང་ཚོ་རྨ་ཆུའི་ཆུ་འགོར་གནས་ཡོད་པ་དང་། དེར་གཞིས་ཆགས་པའི་འབྲོག་པ་དགེ་མཆོག་གིས་ལོ་གཅིག་ལྷག་ཙམ་རིང་དམག་ཆས་ཁྲ་ཁྲ་གྱོན་ནས་འཁོར་རྒྱའི་རིང་ཚད་སྤྱི་ལེ་ངོས་གྲུ་40ལྷག་ཙམ་ཡོད་པའི་རྩྭ་ཐང་དུ་སྐོར་སྐྱོད་བྱེད་ཀྱིན་ཡོད། ཁོང་གིས“ང་ནི་སྲིད་གཞུང་གིས་གསོ་སྦྱོང་བྱས་པའི་ཆེད་ལས་སྣོད་བཅུད་ལྟ་སྐྱོང་བ་ཞིག་ཡིན་ལ་རྫོང་མི་དམངས་དྲག་ཆས་པུའི་ཚོ་སྒྲིག་གཅིག་སྡུད་སྦྱོང་བརྡར་ལ་ཞུགས་མྱོང་བའི་ཡུལ་དམག་ཅིག་ཀྱང་ཡིན། རྒྱུན་གཏན་སྣོད་བཅུད་སྐོར་ཞིབ་བྱས་ཏེ་རི་དྭགས་རྒྱག་མཁན་སོགས་ཐོལ་བྱུང་གནས་ཚུལ་ཐོན་ཚེ་ལམ་སེང་ཐག་གཅོད་བྱེད་དགོས་པ་ནི་ངས་འཁུར་དགོས་པའི་འགན་འཁྲི་ཞིག་རེད”ཅེས་བཤད།
     དགེ་མཆོག་ནི་མཚོ་སྔོན་གྱི“ཡུལ་དམག+”འཛུགས་སྐྲུན་དང་འཚོལ་ཞིབ་ལག་ལེན་གྱི་དཔེ་མཚོན་ཞིག་རེད། 2017ལོའི་ཟླ་5པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་དམག་ཚོ་སྒྲིག་དང་། སྦྱོང་བརྡར། བེད་སྤྱོད། དོ་དམ། འགན་ལེན་བཅས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཏེ“ཡུལ་དམག+འཐབ་འཛིང་པ”དང་། “ཡུལ་དམག+སྣོད་བཅུད་ལྟ་སྐྱོང་བ” “ཡུལ་དམག+གསང་འཕྲིན་ཆ་འཕྲིན་པ” “ཡུལ་དམག+སྲིད་ཇུས་དྲིལ་བསྒྲགས་པ”སོགས་ཀྱི་རྣམ་པ་བརྒྱུད། ཡུལ་དམག་མཉམ་འབྲེལ་ནང་སྦྱོང་དང་། དམག་སྦྱོང་། རོགས་སྐྱོར་འགན་ལེན། ཉེན་སྐྱོབ་འགེག་སེལ་སོགས་བྱ་སྤྱོད་དང་ཞི་བདེ་གཏོད་པ་དང་། གནད་སྨིན་དབུལ་སྐྱོར། ཆུ་བཅོས་ལྗང་སྣོན་སྔོ་སྲུང་སོགས་བྱེད་སྒོར་རྒྱ་ཁྱབ་ངང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ནས་ཡུལ་དམག“རྣམ་ཀུན་གྱི་ཞབས་འདེགས་ཞུ་ཐུབ་པ་དང་། འཕྲལ་མར་ཐག་གཅོད་བྱེད་ཐུབ་པ། འཐབ་དུས་ཁ་གཏད་གཅོག་ཐུབ་པ”བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་ཅིག་ཏུ་ཧུར་ཐག་བཏོད་ཡོད།
     ལས་འགན་གྱི་དགོས་མཁོར་དམིགས་པ་དང་ཞིང་ཆེན་དེའི་དོན་དངོས་གནས་ཚུལ་ལ་གཞིས་ཚུགས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་གཙོ་རྐང་ཡུལ་དམག་རྐང་འཛིན་དང་ཡུལ་དམག་དཀྱུས་མ་རྨང་གཞིར་བྱེད་པའི་རྒྱབ་ཕྱོགས་ཀྱི་སྟོབས་ཤུགས་མ་ལག་བསྐྲུན་ཡོད། ཡུལ་དམག་ལ་བབ་བསྟུན་དང་། ཆེད་ལས། དམིགས་བསལ་བཅས་རིགས་གསུམ་དབྱེ་བ་དང་ཚོ་སྒྲིག་ས་ཁོངས་སུ་ཁ་ཕྱོགས་གཙོ་བོ་དང་། གཙོ་གནད་ས་ཁུལ། ལས་འགན་ས་ཁོངས་བཅས་མངོན་གསལ་དོད་པས་ཀྲོའུ་6དང་། གྲོང་ཁྱེར་2 རྫོང(ཆུས)44 ཤང(གྲོང་རྡལ་དང་ཁྲོམ་གཞུང)402བཅས་ཀྱི་ཡུལ་དམག་དྲ་བ་བཙུགས་ཡོད། ཡུལ་དམག་གི་འགན་ནུས་དེ་སྣོད་བཅུད་སྲུང་སྐྱོང་དང་། དབུལ་སྐྱོར་དཀའ་སེལ། བདེ་སྲུང་ཉེན་ཟོན་སོགས་ཁྱབ་ཁོངས་སུ་རྒྱ་སྐྱེད་བཏང་སྟེ་ལོ་གཅིག་ལྷག་ཙམ་རིང“གཙང་གསུམ་ཆུ་འགོའི”སྣོད་བཅུད་ལྟ་སྐྱོང་དང་། “མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར”གྱི་ལས་སྒྲུབ། ཉེན་སྐྱོབ་གེགས་སེལ་སོགས་ཛ་དྲག་པ་དང་། དཀའ་ངལ་ཆེ་བ། ཉེན་ཁ་ཆེ་བ། ལྕི་བ་བཅས་ཀྱི་ལས་འགན་ཁག་30ལྷག་ཙམ་སྒྲུབ་པས་འགན་ནུས་ཀྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་ཐུབ་ནས་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱུང་ཡོད།