འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།བོད་ལྗོངས་ཀྱིས་ད་ནས་བཟུང“ཐར་ཐོར་མགྲོན་པོའི་ཡུལ་སྐོར་ཚོགས་པར”རི་འཛེག་ཆོག་འཐུས་ལག་ཁྱེར་སྤྲོད་རྒྱུ་མིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ལོ་རེའི་ཟླ་བརྒྱད་པ་ནས་ཟླ་བཅུ་པའི་བར་ནི་བོད་ལྗོངས་ཀྱི་སྟོན་དུས་རི་འཛེག་དུས་ཚིགས་ཡིན་ཞིང་། རི་འཛེག་གི་བདེ་འཇགས་འགན་ལེན་དང་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། ད་ལོ་ནས་བཟུང་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་རི་འཛེག་ལ་དགའ་པོ་ཡོད་མཁན་ཚོར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། 《ཕྱི་རྒྱལ་བ་ཀྲུང་གོར་རི་འཛེག་པར་ཡོང་བར་དོ་དམ་བྱ་ཐབས་》དང་《བོད་རང་སྐྱོང་ལྗོངས་རི་འཛེག་སྲོལ་ཡིག་》ལྟར། རྒྱལ་ཁབ་ཁག་གི་རི་འཛེག་རྒྱུར་དགའ་པོ་ཡོད་མཁན་ཚོས་རི་འཛེག་གི་མིང་ཐོ་འགོད་པའི་དུས་ཚོད་ཐིམ་རྗེས་གནས་སྐབས་ཀྱི་ཚོགས་པ་སྒྲིག་འཛུགས་བྱས་ནས་རི་འཛེག་པའི་ཆོག་འཐུས་རེ་ཞུ་བྱེད་པར་རི་འཛེག་ཆོག་འཐུས་ལག་ཁྱེར་སྤྲོད་རྒྱུ་མིན་པ་རེད། རི་འཛེག་ཆོག་འཐུས་ལག་ཁྱེར་མེད་པའི་རྒྱལ་ཁབ་ཕྱི་ནང་གི་རི་འཛེག་རྒྱུར་དགའ་པོ་ཡོད་མཁན་ཚོས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་ནང་རི་འཛེག་ཉུལ་དང་།  རི་འཛེག་ཚན་རིག་རྟོག་ཞིབ། རི་འཛེག་པར་ལེན་སོགས་གང་རུང་གི་བྱེད་སྒོ་སྤེལ་རྒྱུ་གཏན་འགོག་བྱ་རྒྱུ་རེད།
         བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཀྱིས། གནས་སྐབས་སྒྲིག་འཛུགས་བྱས་པའི་རི་འཛེག་རྒྱུར་དགའ་པོ་ཡོད་མཁན་ཚོར་ཚོགས་པའི་འདུ་ཤེས་མི་འདང་བ་དང་།  ཚད་ལྡན་གྱི་སྒྲིག་འཛུགས་སྒྲིག་གཞི་མེད་པ། ཁེར་རྐྱང་གི་བྱེད་སྒོ་སྤེལ་རྒྱུར་དགའ་བས་གནས་སྐབས་ཚོགས་པ་སྒྲིག་འཛུགས་བྱས་པའི་"ཐར་ཐོར་མགྲོན་པོའི་ཡུལ་སྐོར་ཚོགས་པ”ཟེར་བ་དེ་མི་གྲངས་བཟོས་ནས་རི་འཛེག་ཆོག་འཐུས་ལག་ཁྱེར་རེ་ཞུ་བྱེད་མཁན་ཡིན་།  དེས་ལོ་ལྟར་རི་འཛེག་དུས་ཚིགས་སུ་རི་འཛེག་བདེ་འཇགས་དང་རི་འཛེག་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་བཟོ་སླ་བས་། མིང་ཐོ་འགོད་པའི་དུས་ཚོད་ཐིམ་རྗེས་གནས་སྐབས་ཚོགས་པ་སྒྲིག་འཛུགས་བྱས་ནས་རི་འཛེག་ཆོག་འཐུས་རེ་ཞུ་བྱེད་མཁན་ལ་རི་འཛེག་ཆོག་འཐུས་ལག་ཁྱེར་སྤྲོད་རྒྱུ་མིན་པ་དེས་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་རི་འཛེག་རྒྱུར་དགའ་པོ་ཡོད་མཁན་ཚོར་དོ་དམ་ནན་པོ་བྱས་ནས། སྟོན་དུས་ཀྱི་རི་འཛེག་བདེ་འཇགས་འགན་ལེན་བྱེད་པ་མངོན་ཡོད།
        བསོད་ནམས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི་སྟོན་དུས་ཀྱི་རི་འཛེག་དུས་ཚིགས་སུ་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་རི་འཛེག་ལ་དགའ་པོ་ཡོད་མཁན་ཁྱོན་མི་180ཙམ་ལ་རི་འཛེག་ཆོག་འཐུས་ལག་ཁྱེར་སྤྲད་པ་དང་། དེའི་ནང་རི་མཐོའི་ལམ་སྣེ་འཁྲིད་མཁན་མི་78ཡོད།
        བསོད་ནམས་ཀྱིས། རི་འཛེག་བདེ་འཇགས་འགན་ལེན་དང་རི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། ད་ལོ་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་རི་འཛེག་མཁན་དང་རི་འཛེག་སྣེ་ཤན་པའི་བསྡུར་ཚད་1:1བར་མཐོ་རུ་བཏང་ནས། རི་འཛེག་མཁན་རེར་གཏོགས་པའི་སྣེ་ཤན་པ་རེ་བཏང་ནས་ཚང་མའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད་།  གཞན་ཡང་དེ་སྔོན་རི་བོ་རེར་འབྲེལ་གཏུག་དཔོན་1ལས་མེད་པའི་རྨང་གཞིའི་ཐོག་མི་3འཕར་སྣོན་བྱ་རྒྱུ་དང་། འབྲེལ་གཏུག་དཔོན་1གིས་རི་འཛེག་གི་བདེ་འཇགས་འགན་ལེན་བྱས་ནས། རི་འཛེག་ལ་དགའ་པོ་ཡོད་མཁན་སྒར་ས་ཆེ་མོ་ནས་མ་ཐོན་གོང་སྒྲིག་ཆས་ཡོད་ཚད་ལ་ཞིབ་བཤེར་དང་། རི་འཛེག་ལ་དགའ་པོ་ཡོད་མཁན་མདུན་སྐྱོད་སྒར་སར་འབྱོར་རྗེས་མཉམ་འཛོམས་བྱས་ཏེ་བདེ་འཇགས་སློབ་གསོ་སྤེལ་བ་དང་། འབྲེལ་གཏུག་དཔོན་1གིས་རི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཆེད་མངགས་འགན་འཁུར་ནས། རི་འཛེག་ལ་དགའ་པོ་ཡོད་མཁན་ཚོས་རི་ནས་འབབ་སྐབས་གད་སྙིགས་སྤྱི་རྒྱ་8འཁྱེར་དགོས་པ་དང་། འབྲེལ་གཏུག་དཔོན་གྱིས་འགན་འཁུར་ནས་ས་གནས་དེ་གའི་སྲིད་གཞུང་དང་འབྲེལ་བ་བྱས་ཏེ་གད་སྙིགས་ཐག་གཅོད་བྱ་རྒྱུ་རེད། འབྲེལ་གཏུག་དཔོན་1གིས་རི་འཛེག་ལ་དགའ་པོ་ཡོད་མཁན་དང་།   བོད་ལྗོངས་རི་འཛེག་མཐུན་ཚོགས་།  རི་འཛེག་བྱ་ཡུལ་གྱི་སྲིད་གཞུང་དབར་གྱི་ལས་སྒོའི་འབྲེལ་བ་ཆེད་མངགས་འགན་འཁུར་རྒྱུ་རེད།