འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་18ཉིན།

༄༅།།འཕྲལ་སྡོམ་དོ་དམ་པུའུ་མེ་ཟོན་ཅུས་ཀྱིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་གི་མེ་ཟོན་བདེ་འཇགས་ལ་དྲན་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་18ཉིན། 11:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་མེ་ཟོན་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། དུས་སྟོན་གྱི་བྱེད་སྒོ་མང་བས་མེ་ཟོན་གྱི་ཉེན་ཁ་དང་གནོད་འཚེ་ཐོན་སྲིད་པའི་རྒྱུ་རྐྱེན་མང་དུ་སོང་བར་དམིགས་ཏེ། ཉེ་ཆར། འཕྲལ་སྡོམ་དོ་དམ་པུའུ་མེ་ཟོན་ཅུས་ཀྱིས་སྤྱི་དམངས་ཚོས་དུས་ཆེན་རིང་གི་མེ་ཟོན་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་སྟེ།
        གཅིག རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་སྐྲུན་དངོས་ཚན་པས་《རིག་དངོས་སྐྲུན་དངོས་ཀྱི་མེ་ཟོན་བདེ་འཇགས་དོ་དམ་གྱི་གཏན་འབེབས་དོན་ཚན་བཅུ་》དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་སྐྲུན་དངོས་སུ་མི་སྣ་འདུ་འཛོམས་ཆེ་བས་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཏེ་མེ་ཟོན་སྐོར་ཞིབ་ཞིབ་བཤེར་ཕྱོགས་ཡོངས་ནས་སྤེལ་ཏེ་མེ་ཟོན་གྱི་སྒྲིག་ཆས་དང་། མེ་དང་གློག་སྤྱོད་པ། བྱེད་སྒོ་ཆེ་གྲས་ལ་དོ་དམ་བཅས་ནན་དུ་བཏང་སྟེ། འཕྲལ་སྡོམ་མེ་ཟོན་གྱི་སྔོན་ཇུས་བཟོ་དགོས་པ་མ་ཟད། ནང་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་།
      གཉིས། ཚོང་ར་དང་། ཁྲོམ་ར། མགྲོན་ཁང་། གསོལ་མགྲོན་ཁང་བཅས་དང་དེ་བཞིན་སྤྱི་པའི་རོལ་རྩེད་བྱ་ཡུལ་དུ་ལས་མིའི་མེ་ཟོན་གྱི་ཤེས་བྱ་གསོ་སྦྱོང་བྱ་ཤུགས་ཆེ་རུ་བཏང་ནས་གཙོ་གནད་ལས་གནས་ཀྱི་མེ་ཟོན་བདེ་འཇགས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་དང་སྒྲིག་འགལ་ངང་མེ་དང་གློག་སྤྱོད་རྒྱུ་གཏན་འགོག་བྱེད་དགོས་པ་དང་། བདེ་འཇགས་ཐོན་སྒོ་དང་ཁ་འགྲེམས་བགྲོད་ལམ་ཤར་གཏོང་ཐུབ་པ་བྱེད་དགོས། མེ་ཟོན་ས་ཚིགས་ཆུང་ངུར་སྡོད་བྱ་བཀོད་སྒྲིག་བྱས་ཏེ་མེ་སྐྱོན་ཐོན་མ་ཐག་འཕྲལ་དུ་འབྱོར་ཐུབ་པ་དང་ཐོན་མ་ཐག་པའི་མེ་སྐྱོན་གསོད་ཐུབ་པ་བྱེད་དགོས།
      གསུམ། འདུ་འཛོམས་དང་སྤྲོ་གསེང་སོགས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་གཉེར་བར་ཁྲིམས་བཞིན་ཡུལ་དེ་གའི་སྤྱི་བདེ་ལས་ཁུངས་ལ་བདེ་འཇགས་ཀྱི་ཆོག་འཐུས་རེ་འདུན་ཞུ་དགོས་པ་དང་། མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་དང་འཐུས་སྒོ་ཚང་བའི་མེ་ཟོན་དང་འཕྲལ་སྡོམ་ཉེན་གཡོལ་སྔོན་ཇུས་བཟོས་ཏེ་མེ་ཟོན་བདེ་འཇགས་ལ་དྲན་སྐུལ་དང་ས་གནས་ས་ཐོག་གི་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
       བཞི། གྲོང་མིའི་ཁྱིམ་ཚང་དུ་མེ་ཟོན་བདེ་འཇགས་ཀྱི་རང་བཤེར་དང་སྲོག་ཉེན་ལས་ཐར་ཐབས་ཀྱི་ཁ་འགྲེམས་ནང་སྦྱོང་བྱས་ཏེ་ཉི་གཡབ་དང་བར་ཁྱམས་ཀྱི་འབར་ཉེན་ཆེ་བའི་དངོས་པོ་གཙང་སེལ་བྱེད་དགོས་པ་དང་། ཁ་འགྲེམས་བགྲོད་ལམ་བཀག་མི་ཆོག་པ་དང་། གློག་ཚད་ལས་བརྒལ་ནས་སྤྱོད་མི་རུང་བ། མི་སྒེར་གྱིས་གློག་སྐུད་གང་བྱུང་དུ་འཁྲིད་མི་ཆོག་པ། ཕྱིར་བསྐྱོད་སྐབས་གློག་སྒོ་དང་དབུགས་སྒོ་བཀག་པ། ཕྲུ་གུར་མེར་རྩེད་མོ་རྩེ་མི་རུང་བའི་སློབ་གསོ་གཏོང་དགོས།
      ལྔ། དབུགས་རླངས་ཁ་ཤོར་ཚེ་འཕྲལ་དུ་དབུགས་སྒོ་དམ་པོར་བཀག་ནས་སྒེའུ་ཁུང་ཕྱེ་སྟེ་རླུང་འགྲོ་ཐུབ་པ་བྱེད་དགོས་པ་མ་ཟད། གློག་ཆས་ཀྱི་གཅུས་སྒོ་ཕྱེ་བ་དང་མེ་སྤོར་བ་སོགས་གཏན་ནས་མི་བྱེད་པར་ཁང་པའི་ཕྱི་རོལ་གྱི་བདེ་འཇགས་ཁུལ་དུ་བསྐྱོད་དེ་ཉེན་ཟོན་ཁ་པར་བརྒྱབ་ནས་ཉེ་འཁོར་གྱི་མི་སྣ་ཁ་འགྲེམས་དགོས།
      དྲུག གློག་སྒུལ་འཁོར་ལོ་སྒྲིག་བཅོས་བྱ་མི་རུང་བ་དང་། གློག་སྒུལ་འཁོར་ལོ་རྡོ་སྐས་དང་། ཁ་འགྲེམས་བགྲོད་ལམ། བདེ་འཇགས་ཐོན་སྒོ་བཅས་སུ་འཇོག་མི་ཉན་པར་དེའི་བེད་སྤྱོད་གསལ་བཤད་དེབ་ཀྱི་གཏན་འབེབས་ལྟར་གློག་གསོག་དགོས་པ་ལས་གློག་སྐུད་གང་བྱུང་དུ་འཁྲིད་མི་ཆོག
     བདུན། ཕྱིར་ཡུལ་སྐོར་ལ་འགྲོ་སྐབས་རླངས་སྣུམ་དང་། ཁྲེའུ་ཡིའུ་སྣུམ། ཅིའུ་ཅིང་། ཤོག་སྦག་ཚོན་ཁྲ་ཅན་སོགས་འབར་སླ་བའི་ཉེན་ཡོད་དངོས་རྫས་འཁྱེར་ཏེ་སྤྱི་པའི་འགྲིམ་འགྲུལ་འཕྲུལ་ཆས་ལ་སྡོད་མི་རུང་། གསར་སྤེལ་བྱས་མེད་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གང་བྱུང་རོལ་མི་ཆོག་ལ་ཕྱི་རོལ་དུ་མེ་སྤོར་བ་དང་ཤོག་སྦག་སྤོར་བ་སོགས་བྱེད་མི་ཉན།
      བརྒྱད། མི་སྣ་འདུ་འཛོམས་ཆེ་སར་སླེབས་སྐབས་ཁ་འགྲེམས་བགྲོད་ལམ་དང་། བདེ་འཇགས་ཐོན་སྒོ། མེ་ཟོན་སྒྲིག་ཆས་བཅས་གང་དུ་ཡོད་མིན་ལ་སྣང་འཇོག་བྱས་ཏེ་མེ་སྐྱོན་ཐོན་སྐབས་དངངས་འཚབ་མི་བྱེད་པར་ཨ་ཅོར་རློན་པའམ་གྱོན་གོས་རློན་པས་ཁ་དང་སྣ་བཀབ་སྟེ་ཁ་འགྲེམས་བགྲོད་ལམ་གྱི་བརྡ་རྟགས་བཞིན་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས།