འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་17ཉིན།

༄༅།།སྐབས་བཅོ་ལྔ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་མཇུག་འགྲིལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་17ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། སྐབས་བཅོ་ལྔ་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ཚེས་15ཉིན་ཀོང་ཤིས་ནན་ཉིང་དུ་མཇུག་འགྲིལ་བ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱི་འགྲེམས་ཁྱོན་ལ་སྨི་ངོས་གྲུ་ཁྲི་12.4ཡོད་པ་དེར་འགྲེམས་གནས་6600ཡོད་ཅིང་། ཁེ་ལས་2780ཞུགས་ཡོད་པ་དེ་སྐབས་གོང་མ་དང་བསྡུར་ན་2.6%འཕར་བ་མ་ཟད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་8ཀྱིས་འགྲེམས་གནས་ཡོངས་འགན་གཙང་བླངས་ཡོད། དེའི་རིང་ཚོང་དོན་མ་འཇོག་སྐུལ་སྤེལ་བྱེད་སྒོ་91སྤེལ་བ་དང་མ་འཇོག་མཉམ་ལས་རྣམ་གྲངས་དག་ཀྲུང་གོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་20ལྷག་དང་ཨེ་ཤེ་་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་དེ་བཞིན་ཡོ་རོབ་དང་ཨ་རི་སོགས་རྒྱལ་ཁབ་10ལྷག་ལ་ཁྱབ་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་དང་། འཚོ་བའི་འཛད་རྫས། ཡང་བའི་བཟོ་ལས་ཀྱི་བཟོ་རྩལ་ཐོན་རྫས་བཅས་དང་ཀྲུང་གོའི་འཛུགས་སྐྲུན་འཕྲུལ་ཆས་དང་། བཟའ་བཅའི་ཐུམ་སྒྲིལ་འཕྲུལ་ཆས། གློག་ཤུགས་སྒྲིག་ཆས། འཁྲུ་ཁང་ཡོ་ཆས་སོགས་ཚོང་འགྲིག་ཚད་ཧ་ཅང་མཐོ་པོ་ཡོད་པ་རེད།
       སྐབས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་འགྲེམས་ཁུལ་དུ་ས་ཁོངས་ཕྱིའི་རྒྱལ་ཁབ་19ཡི་ཁེ་ལས་114འགྲེམས་སྟོན་ལ་ཞུགས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ས་ཁོངས་ཕྱིའི་དཔལ་འབྱོར་སྒྲིག་གཞིའི་དབར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། སྐབས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཐོག་ཆེད་མངགས་གདན་ཞུ་བྱས་པའི་མཉམ་ལས་རོགས་ཟླ་ནི“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཐན་ཙན་ནི་ཡ་ཡིན་པ་དང་ཐན་ཙན་ནི་ཡའི་ཀོག་ཧྥེ་དང་། ཇ་ལོ། སྦྲང་རྩི། དྲི་ཞིམ་རྫས་སོགས་ཀྱི་ཚོང་ཟོག་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད།
      བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། སྐབས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ཐོག་ཁྱོན་དཔལ་འབྱོར་མཉམ་ལས་རྣམ་གྲངས་530(རྒྱལ་སྤྱིའི་རྣམ་གྲངས་76དང་རྒྱལ་ནང་རྣམ་གྲངས་454)ལ་མིང་རྟགས་བཀོད་པ་དེ་དག་གྲངས་གཞི་ཆེ་མོ་དང་། བདེ་ཐང་ཆེ་མོ། ཟོག་འགྲེམས་ཆེ་མོ། ནུས་རྒྱུ་གསར་པ། བཟོ་སྐྲུན་གསར་པ། རྒྱུ་ཆ་གསར་པ། དེང་རབས་ཞབས་ཞུའི་ལས་རིགས་སོགས་གསར་དར་ཐོན་ལས་དང་འབྲེལ་བ་ཡོད་པ་དང་། མ་འཇོག་བསྡོམས་འབོར་སྐབས་གོང་མ་དང་བསྡུར་ན་འཕར་ཡོད་ལ་སྤུས་ཚད་སྔར་བས་མཐོ་རུ་དང་མ་འཇོག་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད།