འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་17ཉིན།

༄༅།།སྤྱིར་བཏང་བཟའ་ཚོ་ཞིག་གི་བྱ་གཞག་རླབས་པོ་ཆེ། 

—— ཀའོ་ཡུང་ཆན་དང་བཟའ་ཟླ་ཚེ་རིང་ཆོས་སྒྲོན་གྱི་ཕྱུག་འགྱུར་ཐབས་ལམ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་17ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ལོ་ལེགས་ཀྱི་དུས་ཚིགས་སུ་རྒྱ་རིགས་ཕོ་གཞོན་ཀའོ་ཡུང་ཆན་དང་ཁོང་གི་བཟའ་ཟླ་ཚེ་རིང་ཆོས་སྒྲོན་སྔོ་ཚལ་དྲོད་ཁང་དུ་སྔོ་ཚལ་འཐུ་བའི་ལས་ལ་བྲེལ་བཞིན་མཆིས།
     “ང་ནི་ཀན་སུའུ་ཐན་ཧྲུའེ་ནས་ཡིན། ང་དང་བཟའ་ཟླ་ཚེ་རིང་ཆོས་སྒྲོན་ངོ་ཤེས་པ་ནས་གཉེན་སྒྲིག་བྱས་པ་དང་དེ་རྗེས་ཕྲུ་གུ་བྱུང་བའི་བར་ཧ་ཅང་འཆམ་པོ་ཡོད”ཅེས་ཀའོ་ཡུང་ཆན་གྱིས་བཤད།
     “དེ་སྔ་རང་ཉིད་ཕྱིར་གླ་པར་འགྲོ་སྐབས་དངོས་འབྲེལ་དཀའ་ལས་ཁག་པོ་འདུག དེར་བརྟེན་ང་རང་ཕ་ཡུལ་བོད་ལྗོངས་ལྷ་ས་སྟག་རྩེ་ཆུས་ཐང་དཀར་ཤང་དུ་ལོག་འདོད་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གིས་ང་དང་མཉམ་དུ་ཐང་དཀར་ཤང་ཆུ་མདའ་གྲོང་ཚོར་ལོག་པ་རེད། དེ་རྗེས་ང་གཉིས་ཀྱིས་ཞིང་ལས་མཉམ་ལས་ཁང་ཞིག་གཉེར་བ་ཡིན། ངས་ཏུང་ཧྲི་ཀྲང་གི་འགན་ཁུར་བ་དང་ཁོང་གིས་སྤྱི་ཁྱབ་ཅིང་ལིའི་འགན་ཁུར་གྱི་ཡོད”ཅེས་ཚེ་རིང་ཆོས་སྒྲོན་གྱིས་བཤད།
     ཁོང་གཉིས་པོ་ཐང་དཀར་ཤང་དུ་ལོག་རྗེས“རང་གི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་རྒྱུའི་སེམས་ཐག་བཅད”
     2016ལོར་ཀའོ་ཡུང་ཆན་དང་བཟའ་ཟླ་ཚེ་རིང་ཆོས་སྒྲོན་གྱིས་སྟག་རྩེ་ཆུས་གྲོ་སྙེའི་ཞིང་ལས་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས། མཉམ་ལས་ཁང་གི་གཉེར་སྐྱོང་ཁྱབ་ཁོངས་གཙོ་བོ་ནི་དྲོད་ཁང་ཆེ་མོ་རྒྱས་སྐྲུན་དང་ཉམས་བཟོ་དང་། ས་ཞིང་སྒྱུར་བཀོད། སྔོ་ཚལ་དང་། ཤིང་འབྲས། སྡོང་ཕྲུག ཀྲུང་ལུགས་སྨན་རྩྭ། གཟན་རྩྭ། ཞིང་ལས་ཐོན་རྫས་འདེབས་འཛུགས་བཅས་རེད།
     མཉམ་ལས་ཁང་བཙུགས་ཚུན་ལྷ་ས་སྟག་རྩེ་ཆུས་སྲིད་གཞུང་དང་ཐང་དཀར་ཤང་སྲིད་གཞུང་གི་རོགས་རམ་འོག 2017ལོར་མུའུ་རེར་བརྒྱུད་བཤུག་རིན་གོང་སྒོར་900ཡི་ཐོག་ནས་ས་ཞིང་མུའུ་2200བརྒྱུད་བཤུག་བྱས་པའི་ནང་མུའུ་1600མ་རྨོས་ལོ་ཏོག་གི་འདེབས་འཛུགས་རྟེན་གཞི་དང་། མུའུ་150ནས་ནག་འདེབས་འཛུགས་རྟེན་གཞི། མུའུ་180པད་ཁ་དང་ནས་ཀྱི་ཚོད་ལྟའི་འདེབས་འཛུགས། མུའུ་270དུས་ཚིགས་ལྡོག་པའི་དྲོད་ཁང་སྔོ་ཚལ་དང་དེ་བཞིན་ཤིང་ཏོག་འདེབས་འཛུགས་རྟེན་གཞི་བཅས་བྱས་ཡོད། ཞིང་དུད་375དང་མི་26ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ། མི་འབོར་དབུལ་པོ་300སྐུལ་ཁྲིད་བྱས་པ། ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་982བྱུང་ཡོད།
    “ཁོང་གཉིས་པོ་ལས་སླ་པོ་ཞིག་གཏན་ནས་མིན། ཁོང་གཉིས་ནི་ང་ཚོའི་ཕྱུག་འགྱུར་གྱི་ལམ་སྣེ་ཁྲིད་མཁན་ཞིག་རེད། ང་རང་ཕྱིར་གླ་པར་བསྐྱོད་མི་དགོས་པར་མཉམ་ལས་ཁང་དུ་ལས་ཀ་བྱས་ནས་ཟླ་རེར་ཡོང་འབབ་སྒོར་3000ཙམ་འདུག”ཅེས་ཆུ་མདའ་གྲོང་ཚོའི་གྲོང་མི་ཚེ་བརྟན་རྡོ་རྗེས་བཤད།
       “སྲིད་གཞུང་གིས་ང་ཚོར་ཁྲོམ་རའི་ཐོན་ཁུངས་སྦྲེལ་མཐུད་བྱེད་རོགས་བྱས་བྱུང་། ང་ཚོས་མངགས་ཐོའི་ཞིང་ལས་གཉེར་བས་ཁྲོམ་ར་མེད་པའི་སེམས་ཁྲལ་མི་འདུག ང་ཚོའི་མ་རྨོས་ལོ་ཏོག་གི་སོག་མ་དང་གཟན་རྩྭ་ཤང་གི་ཐའེ་ཁྲེང་འོ་ལས་ཀུང་སིས་ཉོ་གི་ཡོད། ན་ནིང་སྒོར་ཁྲི་200ལྷག་ཙམ་བྱུང”ཞེས་ཀའོ་ཡུང་ཆན་གྱིས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཐང་དཀར་ཤང་གི་བོད་ལྗོངས་ཐའེ་ཁྲེང་འོ་ལས་ཚད་ཡོད་ཀུང་སིར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1བཏང་བ་དང་། མིག་སྔར་བཞོན་མ་མགོ་གྲངས་600དང་འབྲི་གཡག་མགོ་གྲངས་1400ཡོད།
     “ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གིས་མཉམ་ལས་ཁང་ལ་སྒོར་ཁྲི་440བཏང་ནས་དྲོད་ཁང་ཆེ་མོ་10བསྐྱར་སྐྲུན་བྱས་པ་དང་། དྲོད་ཁང་བསྐྲུན་རྗེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་50ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད”ཅེས་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་དུང་འཇིགས་མེད་ཀྱིས་གསར་འགོད་པར་བཤད།
     ཀའོ་ཡུང་ཆན་དང་ཚེ་རིང་ཆོས་སྒྲོན་བཟའ་ཚོ་གཉིས་པོས་དཀའ་སྤྱད་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ་མ་ཟད། ད་དུང་མང་ཚོགས་སྔར་བས་མང་བ་དབུལ་སྒྲོལ་ཐུབ་ནས་བདེ་སྐྱིད་ཀྱི་བགྲོད་ལམ་ཆེན་པོའི་ཐོག་བསྐྱོད་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད།