འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་16ཉིན།

༄༅།།མཁའ་འགྲུལ་ལས་རིགས་འཕེལ་རྒྱས་བཏང་ནས་གངས་ལྗོངས་ས་མཐོའི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་དུ། མཁའ་འགྲུལ་ལས་རིགས་འཕེལ་རྒྱས་བཏང་ནས་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་ཏེ། ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་བཞིན་ཡོད།
         “གཟབ་གཟབ་བྱོས། ཚ་བཟོ་ཡོ་བྱད་འདིའི་ཕྱི་ངོས་ཧ་ཅང་ཚ་པོ་ཡོད”མཚོ་སྔོན་ཞིང་ཆེན་ནོར་གནག་ཐོན་ལས་དབུལ་སྐྱོར་ཁེ་ལས་སྐལ་བཟང་མེ་ཏོག་དཀར་ཆུའི་ཐོན་ལས་ཚད་ཡོད་ཀུང་སིའི་བཟོ་ཁང་གསར་པའི་ནང་དུ། ཀྲོའུ་ཤིན་ཁྲེང་གིས་དབུགས་ཧལ་ནས་ལས་བཟོ་ཚོར་དཀར་ཆུའི་ཐོན་རྫས་ལས་སྣོན་སྒྲིག་ཆས་སྙོམས་སྒྲིག་བྱེད་སྟངས་སློབ་བཞིན་འདུག
         ས་བབ་མཐོ་ཚད་སྨི་3800ཟིན་པའི་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་དུ་ཡོང་ཐེངས་དང་པོ་ཡིན་པའི་ལོ་ལྔ་བཅུ་ཙམ་གྱི་ཁྲེང་ཏུའུ་བ་ཁོང་གིས་དཀའ་ལས་ཁག་པོ་བྱུང་ཞེས་བརྗོད།
          ལོ་27རིང་གི་དཀར་ཆུའི་ཐོན་ལས་ལས་སྣོན་ལ་ཉམས་མྱོང་ཡོད་པའི་ཀྲོའུ་ཤིན་ཁྲེང་ནི་སྐལ་བཟང་མེ་ཏོག་དཀར་ཆུའི་ཐོན་ལས་ཚད་ཡོད་ཀུང་སིར་མཁོ་བའི་ཤེས་ལྡན་པ་ཞིག་རེད། ལག་རྩལ་མཁས་ཅན་འདི་གདན་འདྲེན་ཞུ་ཆེད་ཀུང་སིའི་འགོ་ཁྲིད་ཀྱིས་དཀའ་ལས་མི་ཉུང་བ་བརྒྱབ་ཡོད། ཡིན་ན་ཡང་། མགོ་ལོག་ཀྲོའུ་ཡི་རང་བྱུང་གནམ་གཤིས་དང་འགྲིམ་འགྲུལ་ཆ་རྐྱེན་གྱི་རྐྱེན་པས་ད་བར་གདན་འདྲེན་ཞུ་ཐུབ་མེད།
          “མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རུ་ནོར་གནག་མང་པོ་འདུག ས་གནས་དེ་གས་ནོར་གནག་ཐོན་ལས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག འབྲིའི་འོ་མའི་ཁྲོམ་ར་ཡང་ཡག་པོ་འདུག”“ཡིན་ན་ཡང་ཕ་ཡུལ་དང་ཐག་ཧ་ཅང་རིང་བའི་ཁར། འགྲིམ་འགྲུལ་ཡང་སྟབས་བདེ་པོ་མེད་པས་ཕྱིར་ལོག་ཨེ་ཐུབ་བསམ་གྱི་འདུག”ཅེས་ཀྲོའུ་ཤིན་ཁྲེང་གིས་བརྗོད།
          2016ལོའི་ཟླ་7ཚེས་1ཉིན་མགོ་ལོག་གནམ་ཐང་ཤར་གཏོང་ཐུབ་སོང་། ཡིན་ན་ཡང་སྐལ་བཟང་མེ་ཏོག་དཀར་ཆུའི་ཐོན་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བློ་གྲོས་ཀྱིས། དུས་གཏན་གནམ་གྲུ་ཉུང་དྲགས་པས་ཤེས་ལྡན་པ་སྔར་བཞིན་གདན་འདྲེན་ཞུ་ཁག་པོ་འདུག་ཅེས་བརྗོད་པ་རེད།
          མཚོ་སྔོན་ནི་ས་རྒྱ་ཆེ་ཤིང་མི་འབོར་ཉུང་བ་དང་། ས་གཤིས་དང་ས་དབྱིབས་སྣ་མང་ཅན་ཞིག་རེད། ཞིང་ཆེན་ཡོངས་ཀྱི་རང་སྐྱོང་ཀྲོའུ་དྲུག་གི་ཀྲོའུ་སྲིད་གཞུང་གནས་སའི་གྲོང་ཁྱེར་དང་ཞིང་ཆེན་སྲིད་གཞུང་གནས་སའི་ཟི་ལིང་གྲོང་ཁྱེར་དབར་ཆ་སྙོམས་སྤྱི་ལེ་400ལྷག་གིས་ཆོད་ཡོད་ལ། དུས་ཡུན་རིང་པོའི་ནང་། མཚོ་སྔོན་ཞིང་ཆེན་གྱིས་དམངས་སྤྱོད་མཁའ་འགྲུལ་ལ་བརྟེན་ནས་མང་ཚོགས་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྩིས་ཡོད་པ་རེད།
          2015ལོར། མཚོ་སྔོན་གྱིས་གཏེར་ལེན་ཁ་དང་མགོ་ལོག་སོགས་ཡན་ལག་གནམ་ཐང་གསུམ་དུ། སྲིད་གཞུང་གིས་ཁ་གསབ་བྱེད་པ་དང་། གནམ་ཐང་གིས་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་བྱས་ཏེ། ཡན་ལག་གནམ་ཐང་དེ་གསུམ་ནས་ཟི་ལིང་ལ་འགྲོ་བའི་སྤ་སེ་རིན་གོང་སྒོར་200ཡས་མས་སུ་རྒྱུན་འཁྱོངས་བྱས་པ་རེད། ཡིན་ན་ཡང་དུས་གཏན་གནམ་གྲུ་ཧ་ཅང་ཉུང་ཉུང་རེད། མགོ་ལོག་གནམ་ཐང་ལ་ཆ་མཚོན་ན། ཤར་གཏོང་ཐུབ་རྗེས་གཟའ་འཁོར་རེར་དུས་གཏན་གནམ་གྲུ་བཞི་ལས་མེད་པས་སྤ་སེ་ཉོ་ཁག་པོ་ཡོད་པ་རེད།
          ཐག་རིང་ལུང་ཁུག་ཁུལ་གྱི་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་སྐོང་ཆེད། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་2018ལོའི་ཟླ་3ཚེས་25ཉིན་མཚོ་སྔོན་ཞིང་ཆེན་དུ་གཞི་རྩའི་མཁའ་འགྲུལ་ཞབས་ཞུའི་འཆར་གཞིའི་ཚོད་ལྟ་བྱས་ནས། གཏེར་ལེན་ཁ་དང་མགོ་ལོག་སོགས་ཀྱི་ཡན་ལག་གནམ་ཐང་དང་དེ་བཞིན་གསར་དུ་བསྐྲུན་པའི་མདོ་ལ་ཡན་ལག་གནམ་ཐང་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་དུས་གཏན་གནམ་གྲུ་ཉིན་རེར་ཐེངས་གཉིས་གཏན་འཁེལ་བྱས་པ་རེད།
          “ཉིན་གཅིག་ལ་དུས་གཏན་གནམ་གྲུ་ཐེངས་གཉིས་བཏང་བ་བརྒྱུད་ཤེས་ལྡན་མི་སྣས་རང་འགུལ་ངང་དེར་ཡོང་གི་འདུག འདི་ལོ་ཀུང་སིས་ས་གནས་འདི་གའི་ནོར་གནག་གསོ་ཚགས་མཉམ་ལས་ཁང་50ཙམ་དང་གན་རྒྱ་བཞག་ནས། འབྲོག་པ་དུད་ཚང་སྟོང་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུར་སྣེ་ཁྲིད་བྱ་རྒྱུའི་རེ་བ་ཡོད”ཅེས་བློ་གྲོས་དང་ཀྲོའུ་ཤིན་ཁྲེང་གིས་ཕན་ཚུན་འཛུམ་དམུལ་དམུལ་ངང་བཤད།
           གཙང་གསུམ་ཆུ་འགོའི་ས་ཁུལ་དང་རྨ་ཆུའི་དཔལ་འབྱོར་ཁུལ་གྱི་ལྟེ་བར་གནས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རུ་ཡུན་རིང་རང་བྱུང་ཆ་རྐྱེན་དང་། འགྲིམ་འགྲུལ། ཐོན་ལས་ཀྱི་རྨང་གཞི་སོགས་ཀྱི་ཚོད་འཛིན་ཕོག་པས་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་པོ་ཡོད་པ་རེད།
           གཞི་རྩའི་མཁའ་འགྲུལ་ཞབས་ཞུའི་འཆར་གཞི་ལག་བསྟར་བྱས་ཚུན། མཁའ་འགྲུལ་གྱི་་ཁྱབ་འགྱེད་སྣེ་ཁྲིད་བྱས་པ་བརྒྱུད་ས་གནས་འདི་གའི་ཤེས་ལྡན་མི་སྣ་འཁོར་རྒྱུག་བྱེད་མགྱོགས་སུ་ཕྱིན་པ་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་ཐེབས་ནས་ཀྲོའུ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།
          མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་འཕེལ་སྒྱུར་ཨུ་ལྷན་རྣམ་གྲངས་དོ་དམ་ཁོའོ་ཡི་ཁོའོ་ཀྲང་དབྱང་པིན་གྱིས་གསར་འགོད་པར་ནོར་གནག་ཐོན་ལས་དེ་ས་གནས་འདི་གའི་དབུལ་སྐྱོར་ལས་དོན་གྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་པ་དང་སྐལ་བཟང་མེ་ཏོག་དཀར་ཆུའི་ཐོན་ལས་ལྟ་བུའི་དབུལ་སྐྱོར་ཁེ་ལས་ཀྱིས་དུས་གཏན་གནམ་གྲུ་བརྒྱུད་ལག་རྩལ་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་གཏོང་བཞིན་ཡོད།
          “གནམ་གྲུ་ཤར་གཏོང་ཐུབ་རྗེས། ཕྱིར་སྐྱོད་བདེ་རུ་ཕྱིན་ནས་འབྲོག་པ་ཚོ་ཕྱིར་སྐྱོད་འདོད་བྱེད་ཀྱི་ཡོད”ཅེས་དབྱང་པིན་གྱིས་བཤད། 2018ལོའི་ལོ་སྟོད་ཁོ་ནར་མགོ་ལོག་གནམ་ཐང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་5ལ་ཞབས་འདེགས་ཞུས་པ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད། འབྲོག་པ་ཁག་གཅིག་ཕྱིར་བསྐྱོད་ནས་མཐོང་རྒྱ་ཆེ་རུ་ཕྱིན་ཏེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་དང་ཕྱུག་འགྱུར་སྣེ་ཁྲིད་བྱས་པ་མ་ཟད། དབུལ་སྒྲོལ་ཁྲོད་ཀྱི་སྟོབས་ཤུགས་གསར་པར་གྱུར་ཡོད་ཅེས་དབྱང་པིན་གྱིས་ངོ་སྤྲོད་བྱས།
            ཤེས་རྟོགས་བྱུང་བར་གཞིགས་ན། མཁའ་འགྲུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། མགོ་ལོག་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་རྗེས། ས་གནས་དེ་གའི་སྲིད་གཞུང་གིས་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སྒྲིག་འཛུགས་བྱས་ཏེ་ཧྲང་ཧའེ་སོགས་ལ་སྔ་རྗེས་སུ་འབྲོག་པ་600ལྷག་ཙམ་གསོ་སྦྱོང་བྱེད་པར་བཏང་ནས་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ས་གནས་འདི་གའི་དབུལ་སྐྱོར་ལས་དོན་གྱི་དམ་འཛིན་བྱ་གཞི་གསར་པར་གྱུར་ཡོད་པ་རེད།