འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་16ཉིན།

༄༅།།སྡེ་ཚན་དགུ་ཡིས་མཉམ་འབྲེལ་ཐོག་སྟོན་འབྲུ་ཉོ་སྒྲུབ་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས། ནོར་སྲིད་པུའུ། སྣོད་བཅུད་ཁོར་ཡུག་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཞིང་ལས་དང་གྲོང་གསེབ་པུའུ་སོགས་སྡེ་ཚན་དགུ་ཡིས་མཉམ་དུ་བརྡ་ཐོ་བཏང་ནས་སྟོན་འབྲུ་ཉོ་སྒྲུབ་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
            བརྡ་ཐོའི་ནང་འདི་ལོ་རྒྱལ་ཁབ་ཀྱིས་མུ་མཐུད་འབྲུ་རིགས་ཐོན་སྐྱེད་ཁུལ་གཙོ་བོ་ཁག་གཅིག་ལ་ཤུན་ལྡན་འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་། བྱང་ཤར་ས་ཁུལ་དུ་མ་རྨོས་ལོ་ཏོག་དང་སྲན་ཆེན་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་བྱ་རྒྱུར་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་སྲོལ་ལག་བསྟར་བྱས་ཡོད། ས་གནས་ཁག་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བསྡུ་ཉར་ལམ་ལུགས་སྒྱུར་བཅོས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་འབྲུ་རིགས་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་སྲིད་ཇུས་རང་བཞིན་གྱི་བསྡུ་ཉར་གཙོ་བོར་བྱེད་པ་དེ་སྲིད་གཞུང་གི་སྣེ་ཁྲིད་འོག་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་གཙོ་བོར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། “དྲ་སྦྲེལ+འབྲུ་རིགས་ཉོ་ཚོང”གི་ཉོ་སྒྲུབ་དང་ཕྱིར་ཚོང་རྣམ་པ་གསར་པ་འཕེལ་རྒྱས་ཧུར་ཐག་བཏང་ནས་རྒྱལ་ཁབ་འབྲུ་རིགས་དྲ་ཐོག་ཉོ་སྒྲུབ་ཀྱི་ལས་སྟེགས་དང་བསྡུ་ཉར་མཛོད་སོགས་མཁོ་སྤྲོད་སྦྲེལ་ཐག་གི་ཞབས་ཞུའི་ཐོན་རྫས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་དྲ་ཐོག་དང་དྲ་ཕྱིའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གཉེར་ཚོང་གི་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་དགོས། ཤུན་ལྡན་འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པའི་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་《གྲོ་དང་ཤུན་ལྡན་འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་ལག་བསྟར་ཇུས་གཞིའི་》འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་ཏན་བྱེད་པ་དང་སྔོན་ཇུས་ལག་བསྟར་ཐད་དམ་འཛིན་ཏན་ཏིག་བྱེད་དགོས། བསྡུ་ཉར་དང་ཤོང་ཚད་ཀྱི་འགལ་བ་མངོན་གསལ་དོད་པའི་ས་ཁུལ་དུ་མཛོད་ཁང་ཟླ་སྒྲིལ་གཏོང་བ་དང་ཉམས་བཟོ་སྒྱུར་བཀོད་སོགས་ཀྱི་བྱ་ཐབས་སྤྱད་ནས་ཐབས་བརྒྱ་ཇུས་སྟོང་ངང་བསྡུ་ཉར་ནུས་པ་ཆེ་རུ་གཏོང་དགོས་པ་འཁོད་ཡོད།
          བརྡ་ཐོའི་ནང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་ཁག་བགོས་ཞིབ་ཕྲ་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། འབྲུ་རིགས་ཉོ་སྒྲུབ་ཀྱི་ལྷུ་ཚིགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲུ་རིགས་ཉོ་སྒྲུབ་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་འབྲུ་རིགས་ཐོན་སྐྱེད་བྱེད་མཁན་དང་། ཚོང་གཉེར་བ། འཛད་སྤྱོད་པ་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་འཁོད་ཡོད་པ་རེད།