འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་15ཉིན།

༄༅།།ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཞིང་ལས་ཚན་རྩལ་བོད་རིགས་ས་ཁུལ་དུ་དར་སྤེལ་བཏང་། 
བློ་གཅིག་སེམས་གཅིག་སྒོ་ནས་ཞིང་འབྲོག་པར་ཞབས་འདེགས་ཞུས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཚན་རྩལ་ཅུས་ཀྱིས་ཉི་ཤར་དང་། སེམས་ཀྱི་ཉི་ཟླ། བདེ་ཆེན་བཅས་རྫོང(གྲོང་ཁྱེར)གསུམ་གྱི་ཞིང་ལས་ཚན་རྩལ་ཅུས་དང་། དེ་བཞིན་ལྷོ་ནུབ་ནགས་ལས་སློབ་ཆེན་དང་ཞིང་ཆེན་ཞིང་ལས་ཚན་རྩལ་ཁང་གི་ཚན་རྩལ་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་ཚོགས་པ་དང་མཉམ་འབྲེལ་ཐོག་ཞིང་ལས་ཚན་རྩལ་བོད་རིགས་ས་ཁུལ་དུ་དར་སྤེལ་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་བློ་གཅིག་སེམས་གཅིག་ངང་ཞིང་འབྲོག་པར་ཞབས་འདེགས་ཞུས་ནས་ཚན་རྩལ་དབུལ་སྐྱོར་ཆེད་འཇོན་ཐང་དང་བློ་གྲོས་སྐྱེས་སུ་ཕུལ་བ་རེད།
          ལྷོ་ནུབ་ནགས་ལས་སློབ་ཆེན་ཚན་རྩལ་རིགས་གཅིག་མཁས་ཅན་ཞབས་ཞུ་ཚོགས་པས་ཝུའེ་ཤིས་རྫོང་ཀྲུང་ལུའུ་ཤང་དུ“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཞིང་ལས་ཚན་རྩལ་བོད་རིགས་ས་ཁུལ་དུ་དར་སྤེལ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཚན་རྩལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ཞིང་ལས་ཚན་རྩལ་དང་། ཤེས་བྱའི་བདག་དབང་། གྲོང་གསེབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ཀྱི་དཔྱད་གཞིའི་ཡིག་རིགས་དང་དེ་བཞིན་ཚལ་སོན་དང་། ཏེན་ཚྭ། རྩྭ་སོན་སོགས་སྤྲད་པ་དང་། འདེབས་འཛུགས་ལས་རིགས་དང་འབྲོག་ལས་སོགས་ཀྱི་བློ་འདྲིའི་སྐར་ཁུང་བཙུགས་པ། འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་གཅིག་གཏད་གཅིག་གི་རྣམ་པར་བརྟེན་ནས་གསལ་འགྲེལ་བྱས་པ་མ་ཟད། ཐག་གཅོད་ཇུས་གཞི་ཡང་བཏོན་པ་རེད།
          སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབྲི་ཆུ་གྲོང་རྡལ་དུ་ཞབས་ཞུ་ཚོགས་པས་ས་གནས་དེ་གའི་ཞིང་འབྲོག་པར་《ཞིང་ལས་ལག་རྩལ་གྱི་དཔེ་ཚོགས་》སྤྲད་པ་དང་ཆབས་ཅིག་ཚན་རྩལ་གྱི་འགྲེམས་པང་བཙུགས་ཏེ་ཞིང་ལས་ཚན་རྩལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། མང་ཚོགས་ལ་ལག་རྩལ་བློ་འདྲིའི་ཞབས་འདེགས་ཞུས་པ། འདེབས་འཛུགས་གསོ་ཚགས་དུད་ཚང་ལ་ཐོན་སྐྱེད་བྱེད་རིང་འཕྲད་པའི་དོགས་གཞི་དང་དཀའ་གནད་སེལ་རོགས་བྱས་ཡོད།
         བདེ་ཆེན་རྫོང་ཡན་མན་ཤང་དུ་ཚན་རྩལ་མི་སྣས་ཞིང་འབྲོག་པར་ཤེས་བྱའི་བདག་དབང་དང་། མ་རྨོས་ལོ་ཏོག་འདེབས་འཛུགས། སྦྲང་ནོར་བུ་གསོ་ཚགས་སོགས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྣ་ཚོགས་དང་དེ་བཞིན་ཚལ་སོན་དང་། མ་རྨོས་ལོ་ཏོག་གི་སོན། ཕྱུགས་སྨན་སོགས་སྤྲད་པ་རེད། དེ་དང་ཆབས་ཅིག་བྱེད་སྒོར་ཞུགས་མཁན་ཞིང་འབྲོག་པར་སྦྲང་ནོར་བུ་གསོ་སྟངས་ཀྱང་བསླབས་པ་རེད།