འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་15ཉིན།

༄༅།།ཞིང་ལས་དང་གྲོང་གསེབ་པུས“1+6+N”གྱི་རྟེན་འབྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ཀྲུང་གོའི་
ཞིང་པའི་ལོ་ལེགས་དུས་ཆེན་ཐོག་མ་དེ་དགའ་བས་བསུ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
            མི་དམངས་དྲ་བའི་འཕྲིན། ཉིན་10ཕྱིན་རྗེས་ལུགས་རྙིང་ལོའི་སྟོན་ཉིན་མཚན་མཉམ་པའི་དུས་ཚིགས་སུ་སླེབས་པས་ཞིང་པ་དུང་ཕྱུར་མང་པོས་རང་ཉིད་ལ་བདག་པའི་དུས་ཆེན་ཏེ། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐོག་མ་དེ་བསུ་རྒྱུ་རེད། དེས་ན་ཞིང་ལས་དང་གྲོང་གསེབ་པུས“1+6+N”གྱི་རྟེན་འབྲེལ་བྱེད་སྒོའི་འཆར་གཞི་ཞིབ་ཚགས་བཀོད་དེ་ས་གནས་ཀྱི་ཁྱད་ཆོས་ཕྱོགས་ཡོངས་ནས་མངོན་པ་བྱས་ཐོག་རྒྱལ་ཡོངས་ས་གནས་ཁག་ཚང་མས་ཞིང་པའི་ལོ་ལེགས་ཀྱི་དགའ་སྤྲོ་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་རེད།
            དེ་ནི་གསར་འགོད་པར་ཚེས་13ཉིན་ཞིང་ལས་དང་གྲོང་གསེབ་པུས་གཉེར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
           ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཆུས་ཏུང་ཡུས་ཀྱིས“1+6+N”གྱི་རྟེན་འབྲེལ་བྱེད་སྒོའི་ཁྲོད་ཀྱི“1”ནི་པེ་ཅིང་དུ་ཚོགས་ར་གཙོ་བོ་དེ་འཛུགས་རྒྱུ་དང་། “6”ནི་ཀྲུང་གོའི་སོ་ནམ་ཤེས་དཔལ་མཚོན་པའི་ས་ཁོངས་ཀྱི་ལེགས་ཆར་གཞིགས་ནས་ཡན་ལག་ཚོགས་ར་6བདམས་པ། “N”ནི་བྱེད་སྒོ་རབ་དང་རིམ་པ་100ལྷག་ཙམ་འཆར་འགོད་བྱས་པ་བཅས་རེད་ཅེས་ངོ་སྤྲོད་བྱས།
          ཆུས་ཏུང་ཡུས་ཀྱིས“1+6+N”ནི་ཞིང་ལས་དང་གྲོང་གསེབ་པུས་གཞི་རྩའི་སྤྱི་འགྲོས་མཁོ་འདོན་བྱས་ཏེ་ས་གནས་ཁག་ལ་ཁྲིད་སྟོན་བྱས་པ་ཞིག་ཡིན་པ་དང་དེ་ནི་ད་རེས་ཀྱི་བྱེད་སྒོའི་བསམ་ཕྱོགས་གསར་གཏོད་དང་ལས་ཀའི་བྱེད་ཐབས་ཐད་ཀྱི་གསར་གཏོད་ཅིག་རེད། རྟེན་འབྲེལ་བྱེད་སྒོའི་གཙོ་གནད་དེ་རྫོང་དང་། ཤང་། གྲོང་ཚོ་བཅས་ལ་ཕྱོགས་པ་དང་ཞིང་པ་གཙོ་བོར་བྱེད་པ་དང་། སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ། ཡུལ་བབ་དང་བསྟུན་པ། ཁྱད་ཆོས་མངོན་གསལ་དོད་པོ་བཅས་ཡོད་པ་བྱས་ནས་ཞིང་པ་བློ་ཡིད་ཚིམ་པ་མ་ཟད། གྲོང་མི་ཚོའང་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་ཞེས་བཤད།
         ཞིང་ལས་དང་གྲོང་གསེབ་པུས་ད་དུང་ཁྲོམ་རའི་བྱེད་པོ་དང་། ལས་རིགས་མཐུན་ཚོགས། སྤྱི་ཚོགས་ཀྱི་སྟོབས་ཤུགས་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ“100རེ་5”སྟེ་སྤུས་རྟགས་ཞིང་ལས་ཐོན་རྫས་100དང་། ཁྱད་ལྡན་གྲོང་ཚོ་100 གྲོང་གསེབ་ཀྱི་རིག་གནས་བྱེད་སྒོ་100 གྲོང་གསེབ་ཀྱི་ཟས་མཆོག་100 གྲོང་གསེབ་ཀྱི་ཡུལ་སྐོར་ལམ་ཐིག་100བཅས་རང་དགར་འོས་སྦྱོར་དང་། ས་གནས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྤེལ་གང་ལེགས་བྱས་པ་མངོན་པ་དང་ཞིང་ལས་ཐོན་རྫས་སྤུས་ལེགས་དང་གོང་ཚད་ཡག་པོ་རག་རྒྱུར་སྐུལ་འདེད་གཏོང་ཐུབ་ལ་གྲོང་མི་ཚོར་སྤྲོ་གསེང་ཡུལ་སྐོར་གྱི་དཔྱད་གཞི་མཁོ་འདོན་ཡང་བྱེད་ཐུབ། “100རེ་5”ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་གཞུང་ཕྱོགས་དྲ་བའི་ཐོག་ཁྱབ་བསྒྲགས་བྱས་ཡོད་པ་རེད།
          ཏང་ཀྲུང་དབྱང་གིས་ཆོག་མཆན་སྤྲད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་གནང་བ་བརྒྱུད་2018ལོ་ནས་བཟུང་རང་རྒྱལ་གྱིས་ལོ་ལྟར་གྱི་ལུགས་རྙིང་ལོའི་སྟོན་ཉིན་མཚན་མཉམ་པའི་ཉིན་མོ་དེ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སུ་གཏན་འཁེལ་བྱས་པ་རེད། དེ་ནི་རྒྱལ་ཁབ་རིམ་ངོས་ཀྱིས་ཆེད་མངགས་ཞིང་པར་བཟོས་པའི་དུས་ཆེན་ཐོག་མ་དེ་ཡིན་པ་རེད།