འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་15ཉིན།

༄༅།།འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ནས་གནད་སྨིན་ཤུགས་འདོན་བྱས་པ། 

བོད་ལྗོངས་ཀྱི“འདུ་འགོད་ཆེན་པོ་བཅུའི”ལས་དོན་གྱི་འགོ་ཡག་པོ་འཛུགས་ཐུབ་པ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
            མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “འདུ་འགོད་ཆེན་པོ་བཅུ”ནི་བོད་རང་སྐྱོང་ལྗོངས་ཀྱི་2018ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པ་ཞིག་དང་དེ་ནི་བོད་ཀྱི་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཉེ་ཆར། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། འདི་ལོའི་ལོ་སྟོད་དུ་བོད་ཀྱི“འདུ་འགོད་ཆེན་པོ་བཅུའི”ལས་དོན་གྱི་འགོ་ཡག་པོ་བཙུགས་ཐུབ་པ་བྱུང་བ་རེད།
            བདེ་སྐྱིད་ཁམས་བཟང་གི་འདུ་འགོད་ལ་བརྟེན་ནས་དམངས་འཚོ་འགན་ལེན་ལ་སྐུལ་འདེད་ནུས་ལྡན་བཏང་བ། མི་ཁྲི་26.6དང་འབྲེལ་བ་ཡོད་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་གཙོ་གཟུགས་འཛུགས་སྐྲུན་གྱི་ལས་འགན་འདི་ལོ་ལེགས་གྲུབ་ཐུབ་རེ་ཡོད། འདི་ལོའི་ཟླ་དང་པོ་ནས་དྲུག་པ་བར་ལྗོངས་ཡོངས་སུ་ཁྱོན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་312ལས་འགོ་ཚུགས་པའི་ནང་རྣམ་གྲངས་26ལེགས་གྲུབ་ཟིན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་26བཏང་བ་དང་དབུལ་ཕོངས་ཁྲི་1.05ཉུང་དུ་བཏང་ཡོད། 2018ལོའི་ལོ་འཁོར་དུ་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་སྒོར་3840བར་སྤར་བ་དང་ཞིང་འབྲོག་མང་ཚོགས་ཁྲི་20.18ཀྱིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་15.6ཡོད་པས་ཆ་རྐྱེན་དང་འཚམ་པའི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཚང་མ་ཡིག་ཚགས་དང་གཱ་བཟོས་པའི་ཁྱབ་ཁོངས་ནང་འཇོག་རྒྱུ་མངོན་འགྱུར་བྱུང་བ་དང་། ཆ་རྐྱེན་དང་འཚམ་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ནང་བཞག་ཡོད།
          སྒྱུར་བཅོས་གསར་གཏོད་ཀྱི་འདུ་འགོད་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ། “ཐོན་རྫས་གསུམ་དང་ས་ཁམས་མཚོན་རྟགས་གཅིག”གི་འཕེལ་རྒྱས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་ཞིང་འབྲོག་ལས་ཀྱི་སྤུས་ཚད་ལོའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། གྲངས་གཞི་ལས་མངོན་པར། བོད་ཀྱིས་རིམ་རྩིས་བྱས་ན། སྐྱེ་ལྡན་ཐོན་སྐྱེད་ཁེ་ལས་3དང་། ཞིང་ལས་ཐོན་རྫས་13 ལྗང་མདོག་ཁེ་ལས་15 བཟའ་བཅའ་36 སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་22 ཞིང་ལས་ཐོན་རྫས་105བཅས་ལ་ཁས་ལེན་དཔང་འདོན་བྱས་པ་དང་། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་19ཐོ་འགོད་བྱས་པ་དང་། ས་གནས་ཀྱི་ཚད་གཞི་83བཟོས་ཡོད། གཞན་ཡང་རྫོང་63གྱི་གྲོང་གསེབ་ས་ཞིང(རྨོ་ཞིང)འགན་གཙང་གཉེར་སྐྱོང་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་ལག་ཁྱེར་སྤྲོད་པའི་ལས་དོན་གཙོ་བོའི་ལས་འགན་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་ཡོད་པ་རེད།
           མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་འདུ་འགོད་ལ་བདེ་བླག་ངང་སྐུལ་འདེད་བཏང་བ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་གྱི་གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་བྱས་ནས་བྱེད་ཐབས་ལྟར“ལྟ་བཤེར་སྒྲུབ་སྐུལ”ལག་བསྟར་བྱས་ཡོད། ཁྲིམས་ལག་བསྟར་གྱི་བྱ་སྤྱོད་ཆེན་པོ་6ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གྲོང་ཁྱེར་ས་ཁུལ་དང་རྫོང་ཆུས་རིམ་པའི་སྦགས་བཙོག་འབྱུང་རྩ་གཙང་སེལ་ལས་དོན་ཐེངས་གཉིས་སྤེལ་བ་དང་འབྲེལ་གློག་རྡུལ་ཟོག་རོ་དང་འཁོར་ལོའི་ཟོག་རོ་སོགས་སླར་ཡང་བེད་སྤྱོད་དང་ལས་རིགས་གཙང་སེལ་བཅོས་སྒྲིག་ལས་དོན་ལེགས་སྒྲུབ་བྱས་པ། དུས་ཐོག་ཏུ་མཁའ་རླུང་དང་ཆུའི་ཁོར་ཡུག་སྤུས་ཚད་སོགས་ཁོར་ཡུག་ཆ་འཕྲིན་ཡོངས་བསྒྲགས་བྱས་པ། རང་འགུལ་ངང་གཙོ་གནད་བཙོག་འབུད་ཁེ་ལས་དང་ཁྲིམས་འགལ་གྱི་སྦགས་བཙོག་ཁེ་ལས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཏེ་རྫོང་རིམ་པའི་སྣོད་བཅུད་སྲུང་སྐྱོང་དམར་ཐིག་འབྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་འབྲེལ་རྩ་བའི་ཆ་ནས་ལེགས་སྒྲུབ་བྱས་ཡོད།
             མཐའ་བརྟན་བོད་བརྟན་གྱི་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་བ། དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་འཆར་འགོད་ལག་བསྟར་དོན་འཁྱོལ་བྱས་ཤིང་། འདི་ལོ་མཐའ་དར་དམངས་ཕྱུག་གི་མ་དངུལ་སྒོར་དུང་ཕྱུར་9.926བསྡུ་སྒྲིལ་བྱས་པ་དེ་2017ལོ་ལས་29%འཕར་ཡོད་པ་དང་མ་དངུལ་ཚང་མ་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུའི་ཐད་བཏང་བ་དང་ཆབས་ཅིག་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་མཐོ་རུ་ནུས་ལྡན་བཏང་ཡོད།
           ཚན་སློབ་བོད་དར་གྱི་འདུ་འགོད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། འདི་ལོ་བོད་ལྗོངས་ཀྱི་སློབ་སྐྱོད་གོང་གི་བུ་བཅོལ་ཁང་དུ་ན་འདྲེས་སློབ་མ་སློབ་ཞུགས་ཐུབ་ཚད་72.5%ཟིན་པ་དང་། འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་91.6%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་སུ་ན་འདྲེས་སློབ་མ་སློབ་ཞུགས་ཐུབ་ཚད་80.3%ཟིན་པ། ན་ལོན་མི་འབོར་གྱིས་ཆ་སྙོམས་སློབ་གསོ་དང་ལེན་བྱེད་ཚད་ལོ་9ཟིན་ཏེ། ཁག་སོ་སོར“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་ཀྱི་85.3%དང་། 96.4% 89.2% 88.2%བཅས་ལེགས་གྲུབ་ཟིན་ཡོད།
            རྨང་གཞིའི་སྐུལ་འདེད་འདུ་འགོད་ལ་བརྟེན་ནས་དཔལ་འབྱོར་དེ་བས་བརྟན་ལ་ལེགས་པ་དང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། ཆུ་བེད་འདུ་འགོད་ཆུང་གྲས་དང་མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་རིམ་སྤོར་ལས་གྲྭ་1135ལག་བསྟར་བྱས་པ་དང་། གྲོང་གསེབ་ཀྱི་གློག་དྲ་སྤྱི་ལེ་4696སྒྱུར་བཀོད་བྱས་པ། གྲོང་གསེབ་ཀྱི་གློག་དྲ་སྤྱི་ལེ་20843གསར་སྐྲུན་བྱས་པ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་3470བསྐྲུན་པ། སྦྲག་སྲིད་དྲ་ཚིགས་14གསར་སྐྲུན་བྱས་པ། སྒྲིག་ཁོངས་གྲོང་ཚོར་སྦྲག་ཁང་303བཙུགས་ཡོད། སྲིད་འཛིན་གྲོང་ཚོར་འཕྲིན་གཏོང་ཁྱབ་ཚད་100%ཟིན་པ་དང་སྲིད་འཛིན་གྲོང་ཚོ་3185ལ་འོད་སྐུད་ཁྲིད་པ། རྒྱལ་ཁབ་རིམ་པའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་དཔེ་སྟོན་རྫོང་14མཉམ་དུ་བསྐྲུན་པ། ཤང་རིམ་པའི་ཞབས་ཞུའི་ས་ཚིགས་63བསྐྲུན་པ། གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་212བཙུགས་ཡོད།
            རིག་གནས་དར་རྒྱས་འདུ་འགོད་ལ་བརྟེན་ནས“བསམ་པའི་མཁར་རྫོང”བརྟན་པོ་བསྐྲུན་པ། ཆབ་མདོ་དང་གཞིས་རྩེ་གྲོང་ཁྱེར་གཉིས་དང་། སྟེང་ཆེན་དང་ལྷ་རི་སོགས་རྫོང་6ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གི་རེས་སྐོར་གསར་པའི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་མིང་བྱང་ནང་བཅུག་པར་བརྟེན་གྲོང་མིའི་ཤེས་དཔལ་བྱང་ཚད་དང་། གྲོང་ཁྱེར་གྱི་ཤེས་དཔལ་ཚད་གཞི། གྲོང་ཁྱེར་གྱི་རིག་གནས་སྤུས་ཚད། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་བཅས་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།
           ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འདུ་འགོད་བདེ་བླག་ངང་ལག་བསྟར་བྱས་པ། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་བོད་ཀྱིས་2018ལོ་ནས་2020ལོ་བར་སྤྱི་པའི་བོགས་གཏོང་ཁང་པ་ཁྲི་5.7སྐྲུན་པའི་རྣམ་གྲངས་ལག་བསྟར་བྱས་པ་དང་ཚོང་སྒྱུར་སྡོད་ཁང་སྨི་ངོས་གྲུ་ཁྲི་32.40བཙོངས་པ་དེ་དུས་མཚུངས་ལས་16.1%འཕར་ཡོད་པ་རེད།
           ཐོན་ལས་དམངས་ཕྱུག་འདུ་འགོད་ལ་བརྟེན་ནས་ཐོན་ལས་མ་ལག་མགྱོགས་མྱུར་ཆགས་རྒྱུར་སྐུལ་འདེད་བཏང་བ། ཐོན་ལས་འཛུགས་སྐྱོང་མགྱོགས་ལམ་དུ་བསྐྱོད་ནས་ལེགས་ཆ་མངོན་གསལ་དོད་པ་དང་ཁྱད་ཆོས་མངོན་གསལ་ལྡན་པའི་དེང་རབས་ཐོན་ལས་ཀྱི་གཞི་ཁྱོན་རིམ་གྱིས་གྲུབ་ཡོད། ས་མཐོའི་སྐྱེ་དངོས་དང་། ཡུལ་སྐོར་རིག་གནས། ལྗང་མདོག་བཟོ་ལས་སོགས་ཐོན་ལས་ཆེན་པོ་བདུན་གྱི་འཕར་ཐང་སྒོར་དུང་ཕྱུར་403.09ཟིན་པ་དེ་དུས་མཚུངས་ལས་10.5%འཕར་ཡོད།
           ཞི་མཐུན་བརྟན་ལྷིང་གི་འདུ་འགོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཁྲིམས་འགལ་རྩ་འཛུགས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་ལས་དོན་གཏིང་ཟབ་སྤེལ་བ་དང་དགོན་སྡེ་དོ་དམ་གསར་གཏོད་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱས་ཡོད།