འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་15ཉིན།

༄༅།།དར་གོས་ལམ་བུའི(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་འགྲེམས་ཚོགས་སྐབས་གསུམ་པ་གཉེར་གྲབས་ཡོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། གསར་འགོད་པར་གོང་ཚེས་ཉིན་འཚོགས་པའི་དར་གོས་ལམ་བུའི(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་འགྲེམས་ཚོགས་སྐབས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ། དར་གོས་ལམ་བུའི(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་འགྲེམས་ཚོགས་སྐབས་གསུམ་པ་ཟླ་9ཚེས་27དང་28ཉིན་ཀན་སུའུ་ཏུན་ཧོང་དུ་གཉེར་རྒྱུ་ཡིན་པ་རེད། སྔོན་དཔག་ལྟར་ན། རྒྱལ་ཁབ་དང་ས་ཁུལ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་ཙམ་གྱི་འཐུས་མི་དང་། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་1000ཙམ་འགྲེམས་ཚོགས་ལ་ཞུགས་རྒྱུ་ཡིན་པ་རེད། སྐབས་འདིའི་འགྲེམས་ཚོགས་ཀྱིས་ཡན་ལག་ཚོགས་ར་དང་གླེང་སྟེགས་14བཀོད་སྒྲིག་བྱས་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་དང་། ལྷོ་ཕྱོགས་བགྲོད་ལམ་འཛུགས་སྐྲུན། དར་གོས་ལམ་བུའི་རིག་དངོས་སྲུང་སྐྱོང་། ལམ་རྒྱུད་རྒྱལ་ཁབ་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་སོགས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་རྒྱུ་དང་། ཆེད་དོན་འགྲེམས་སྟོན་རྣམ་གྲངས་32ཇུས་འགོད་བྱས་པས་རྒྱལ་ཁབ་ཕྱི་ནང་གི་ཚན་པ་དང་ཁེ་ལས་58ཞུགས་ཡོད། ད་དུང་འགྲེམས་སྟོན་དངོས་རྫས་7000ལྷག་ཙམ་ཡོད་པ་དང་། དེའི་ནང་རིག་དངོས་དང་། སྒྱུ་རྩལ། ཇུས་འགོད། རིག་གནས་བསམ་བཀོད་ཐོན་རྫས། གྲངས་འཛིན་གྱི་གྲུབ་འབྲས་སོགས་ཡོད་པ་རེད།
            སྐབས་འདིའི་རིག་གནས་འགྲེམས་ཚོགས་ལ་ཏུན་ཧོང་ལྡེབས་རིས་ཀྱི་རྒྱན་གོས་རིག་གནས་འབྱུང་གཞིར་བྱས་ནས་ཇུས་འགོད་དང་། རོལ་དབྱངས། གླུ་ལེན། འཁྲབ་སྟོན་སོགས་ཀྱི་སྒྱུ་རྩལ་གྱི་བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་སྤྱད་ནས་《རབ་མཛེས་ཏུན་ཧོང་གི་མཚན་མོ་》ཞེས་པ་དང་། སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡུག་རེན་དང་གཙོ་གཉེར་ཕྱོགས་ཀན་སུའུ་ཡིས་མཉམ་དུ་འཁྲབ་སྟོན་བྱས་པའི་《2018ལོར་ཏུན་ཧོང་དུ་འཛོམ་རྒྱུའི་ཁ་ཆད་བྱེད་》སོགས་ཀྱི་ཕུལ་བྱུང་རྩེར་སོན་གྱི་ཟློས་གར་རྣམ་གྲངས་ཁག་གཅིག་འཁྲབ་སྟོན་བྱས་ཏེ། སླར་ཡང་གནའ་བོའི་ཏུན་ཧོང་གི་སྙན་འཇེབས་ལྡན་པའི་རོལ་དབྱངས་དུས་དང་བར་མཐོངས་ལས་བརྒལ་ནས་དེང་རབས་འཚོ་བར་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།