འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་14ཉིན།

༄༅།།ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ལ་ཨ་རིའི་གདན་ཞུ་འབྱོར་ཡོད་པ་དང་། 
ཕྱོགས་གཉིས་ཀས་ཞིབ་ཕྲའི་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་ཡིན་པར་བརྗོད།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་14ཉིན། 16:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན། ཚོང་དོན་པུའུ་ཡིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཕྱིའི་སྨྱན་སྦྱོར་གྱིས་ཉེ་ཆར་ཀྲུང་གོ་ཕྱོགས་ལ་ཨ་རིས་གྲོས་མོལ་ཀྱི་གདན་ཞུ་འབྱོར་ཚུལ་བརྗོད་པར། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥེང་གིས་ཀྲུང་གོ་ཕྱོགས་ལ་ཨ་རིའི་གདན་ཞུ་དངོས་གནས་འབྱོར་ཡོད་པ་དང་། དེའི་ཐད་དགའ་བསུའི་རྣམ་འགྱུར་འཛིན་གྱི་ཡོད་པ། ད་ལྟ་ཕྱོགས་གཉིས་ཀས་ཞིབ་ཕྲའི་གནས་ཚུལ་འགའི་ཐད་ནས་ཕན་ཚུན་འབྲེལ་མཐུད་བྱེད་བཞིན་ཡོད་པར་བརྗོད།
         ཀའོ་ཧྥེང་གིས། ཉེ་ཆར་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ཚོགས་པས་རྣམ་པ་འདྲ་མིན་སྣ་ཚོགས་ལམ་ནས་འབྲེལ་འདྲིས་བྱེད་ཀྱི་ཡོད་ཅིང་། ཕྱོགས་གཉིས་ཀས་རང་སོ་སོས་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་བློ་བརྗེ་རེས་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱི་བསམ་ཚུལ་ལྟར་ན། ཉོ་ཚོང་གི་གདོང་གཏུག་ཇེ་ཆེར་སོང་ན་ཕྱོགས་གང་ལའང་ཁེ་ཕན་མེད་པར་བཤད།
         དེའི་སྔོན། ཨ་རི་ཕྱོགས་ཀྱིས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་པའི་ཐོན་རྫས་ཚང་མར་འགག་སྒོའི་དཔྱ་ཁྲལ་མཐོ་རུ་གཏོང་སྲིད་པའི་ཐད། ཀའོ་ཧྥེང་གིས་ཨ་རི་ཕྱོགས་གཅིག་པུས་སྒོ་ཁྲལ་སྤར་བའི་བྱེད་ཐབས་འདིས་མཐར་གཏུགས་ན་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་དང་། འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་ཁེ་ཕན་ལ་གནོད་ཡོད་པ་དང་།  ཨ་རི་ཕྱོགས་ཀྱིས་རྒྱ་ཆེའི་ལས་རིགས་ཁག་དང་འཛད་སྤྱོད་པའི་རེ་འབོད་ལ་མི་ཉན་པར་ཀྲུང་ཨའི་ཚོང་དོན་གྱི་འགལ་བ་ཆེ་རུ་འགྲོ་སྲིད་པའི་ཆ་འཕྲིན་ཟམ་མི་ཆད་པར་སྤེལ་བའི་སྙད་འཚོལ་འཇིགས་སྐུལ་དང་གནོན་ཤུགས་སྤྲོད་པའི་བྱེད་སྟངས་འདིའི་རིགས་ཀྱིས་ཀྲུང་གོ་ཕྱོགས་ལ་ནུས་པ་མི་ཐོན་པ་དང་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་པ་མེད་པས། ཨ་རི་ཕྱོགས་ཀྱིས་དམངས་སེམས་ལ་བསྟུན་པ་དང་དངོས་སྒྲུབ་བྱ་ཐབས་སྤྱད་དེ། འདྲ་མཉམ་དང་ཁ་དན་ཚིག་ལ་གནས་པའི་གྲོས་མོལ་དང་གྲོས་བསྡུར་བྱས་པ་བརྒྱུད། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་དང་ཚོང་དོན་གྱི་འབྲེལ་བ་སླར་ཡང་རྒྱུན་ལྡན་ཡོང་བར་བྱེད་པའི་རེ་བ་ཡོད་ཅེས་ཟེར། 
         ཨ་རི་ཕྱོགས་ཀྱིས་ཉེ་ཆར་བསྒྲགས་པའི་དྲ་བའི་འཇབ་རྒོལ་ལ་བརྟེན་ནས་ཨ་རིའི་ཤེས་ཡོན་ཐོན་དངོས་བདག་དབང་བརྐུས་ཏེ་ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་བྱེད་སྲིད་པའི་ཐད་ལ། ཀའོ་ཧྥེང་གིས་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཨ་རིར་ཚོང་ལས་བྱེད་སྒོ་སྤེལ་བའི་དངོས་ཡོད་ལ་ལྟ་སྟངས་དྲང་གཞག་འཛིན་དགོས་ཤིང་། ཐོས་པ་ཙམ་གྱིས་བདེན་པར་མི་འཛིན་པ་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་སྤེལ་ཆེད་ཁ་གཡར་ས་མི་འཚོལ་བ། ཀྲུང་གོའི་ཁེ་ལས་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཨ་རིའི་ཚོང་ལས་ཁོར་ཡུག་ལ་ཡིད་ཆེས་མི་ཤོར་བ་བྱེད་པའི་རེ་བ་ཡོད་ཅེས་བརྗོད།