འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་13ཉིན།

༄༅།།ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཨ་རིར་ཚོང་དོན་འཁོན་ལན་སློག་པའི་རེ་འདུན་ཞུས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཁོངས་མིར་འདོན་སྤྲོད་བྱས་པའི་ཡིག་ཆ་ལས་མངོན་པར་གཞིགས་ན། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཐོན་རྫས་ལ་ལག་བསྟར་བྱས་པའི་སྒྲིག་འགལ་གྱི་ཕམ་འཚོང་རྒྱག་པའི་བྱེད་ཐབས་དག་ཡོ་བསྲང་བྱས་མེད་པས། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ལོ་རེར་ཨ་སྒོར་དུང་ཕྱུར་70ཙམ་གྱི་ཉོ་ཚོང་ཐད་ཀྱི་འཁོན་ལན་སློག་པའི་དབང་ཆ་སྤྲོད་རྒྱུའི་རེ་འདུན་ཞུས་ཡོད།
           2016ལོའི་ཟླ་10པར། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་རིགས་གཅིག་མཁས་པའི་ཚོ་ཆུང་གི་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ་ཨ་རིས་ཀྲུང་གོའི་འཕྲུལ་གློག་དང་། ཡང་བའི་བཟོ་ལས་སོགས་ལས་རིགས་མང་པོ་ཞིག་གི་ཕྱིར་གཏོང་ཐོན་རྫས་ལ་ལག་བསྟར་བྱས་པའི་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ཁག་13ནི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འགལ་ཡོད་པའི་བཀའ་བཅད་ཡོད། 2017ལོའི་ཟླ་5པར་ཁྱབ་བསྒྲགས་བྱས་པའི་གོང་གཏུག་སྒྲིག་གཞིའི་སྙན་ཞུས་ཀྱང་རིགས་གཅིག་མཁས་པའི་ཚོ་ཆུང་ལ་རྒྱབ་སྐྱོར་བྱས་ཡོད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་གཟུ་གཅོད་པས་ཨ་རི་ཕྱོགས་ཀྱི་ད་ལོའི་ཟླ་8ཚེས་22ཉིན་གྱི་སྔོན་ཁྲུན་ཐག་བཅད་དོན་ལེགས་འགྲུབ་ཡོང་དགོས་པའི་གཏན་འཁེལ་བྱས་ཡོད།
         ཟླ་9ཚེས་11ཉིན་གྱི་ཡིག་ཆར་གཞིགས་ན། ཀྲུང་གོས་ཨ་རི་ཕྱོགས་ཀྱིས་གཏན་འབེབས་ཀྱི་དུས་ཚོད་ནང་གྱོད་དོན་གྱི་ཁྲུན་གཅོད་ལག་བསྟར་བྱས་མེད་པར་འདོད་ཅིང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལྟར། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཚོང་དོན་འཁོན་ལན་སློག་པའི་དབང་ཆ་སྤྲོད་པའི་རེ་ཞུ་བཏོན་ཏེ། ཨ་རི་ཕྱོགས་ལ་ལོ་རེར་ཧ་ལམ་ཨ་སྒོར་དུང་ཕྱུར་70.43གྱི་ཉོ་ཚོང་འཁོན་ལན་སློག་པའི་རེ་བ་བཏོན་ཡོད།
        འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལྟར་ན། གལ་ཏེ་གྱོད་ཕམ་ཕྱོགས་ཀྱིས་གཏན་འཁེལ་བྱས་པའི་ལུགས་མཐུན་གྱི་དུས་བཀག་ནང་ཚུན་དུ་ཁྲུན་ཐག་བཅད་དོན་ནམ་གྲོས་གཞི་ལག་བསྟར་མ་བྱས་པ་དང་། ལུགས་མཐུན་གྱི་དུས་བཀག་མཇུག་སྒྲིལ་རྗེས་ཀྱི་ཉིན་20ནང་ཚུན་དུ་ཕྱོགས་གཉིས་བར་སྔར་བཞིན་གུན་གསབ་གྲོས་མཐུན་བྱུང་མེད་ན། གྱོད་ཁ་ཐོབ་པའི་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་རྩོད་གཞི་ཐག་གཅོད་བྱེད་པའི་སྒྲིག་གཞིའི་དབང་ཆ“མཚམས་འཇོག་གམ་ཆག་ཡང”གཏོང་བ་སོགས་ལག་བསྟར་བྱེད་པའི་རེ་འདུན་ཞུས་ཆོག(དེ་ནི་ཉོ་ཚོང་འཁོན་ལན་སློག་ཐབས་རེད)
        འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལྟར་ན། ཀྲུང་གོ་ཕྱོགས་ཀྱིས་ཚོང་དོན་འཁོན་ལན་སློག་པའི་དབང་ཆ་སྤྲོད་རྒྱུའི་རེ་ཞུ་བསྐུར་རྗེས། གལ་ཏེ་ཨ་རི་ཕྱོགས་ཀྱིས་འཁོན་ལན་སློག་ཚད་ལ་ངོ་རྒོལ་མ་བྱས་ཚེ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་རྩོད་གཞི་ཐག་གཅོད་སྒྲིག་གཞིའི་ལུགས་མཐུན་གྱི་དུས་བཀག་མཇུག་སྒྲིལ་རྗེས་ཀྱི་ཉིན་30ནང(ཟླ་9ཚེས་21ཉིན་གོང) ཀྲུང་གོ་ཕྱོགས་ལ་འཁོན་ལན་སློག་ཆོག་པའི་དབང་ཆ་སྤྲོད་དགོས།
         འདི་ནི་ཀྲུང་གོ་འཛམ་གླིང་ཚོང་དོན་ཚོགས་པར་ཞུགས་རྗེས། རྩོད་གཞི་ཐག་གཅོད་བྱས་པའི་གྱོད་གཞིའི་ཕམ་པའི་ཕྱོགས་ཀྱིས་ཁྲུན་ཐག་བཅད་དོན་ལག་བསྟར་མི་བྱེད་པར་ཉོ་ཚོང་འཁོན་ལན་སློག་པའི་དབང་ཆ་སྤྲོད་རྒྱུའི་རེ་འདུན་ཞུ་ཐེངས་ཐོག་མ་དེ་རེད།