འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།མཚོ་སྔོན་གྱིས་མང་ཚོགས་ལུས་རྩལ་གྱི་རྣམ་གྲངས་19ཞིང་ཆེན་ལུས་རྩལ་འགྲན་ཚོགས་ལ་ཐོག་མར་བཅུག་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་དུ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་17པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་གཉིས་པ་འགོ་ཚུགས་ཤིང་། འདི་ལོ་མཚོ་སྔོན་གྱིས་མང་ཚོགས་ལུས་རྩལ་གྱི་རྣམ་གྲངས་19ཞིང་ཆེན་ལུས་རྩལ་འགྲན་ཚོགས་ལ་ཐོག་མར་བཅུག་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་ཚོགས་ལ་ཁྱོན་རྣམ་གྲངས་ཆེ་གྲས་44དང་རྣམ་གྲངས་ཆུང་གྲས་105བཙུགས་ཡོད་པ་དང་། རྩལ་འགྲན་རྣམ་གྲངས་དང་མང་ཚོགས་རྣམ་གྲངས་གཉིས་ཡོད་པ་ལས་གཞོན་ནུ་ལོ་ཆུང་གི་ལུས་རྩལ་དང་། ལས་བཟོའི་ལུས་རྩལ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ། རྒན་རྒོན་གྱི་ལུས་རྩལ། ཞིང་འབྲོག་པའི་ལུས་རྩལ། དབང་པོ་སྐྱོན་ཅན་གྱི་ལུས་རྩལ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་བཅས་ཚུད་ཡོད་པ་རེད།
     སྐབས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ལ་ཁྲོམ་གཞུང་ཞབས་བྲོ་དང་ཡོ་ག་སོགས་མང་ཚོགས་ཉེ་འགྲམ་གྱི་ལུས་རྩལ་འགུལ་སྐྱོད་འགྲན་བསྡུར་གྱི་རྣམ་གྲངས་ལ་ཐོག་མར་བཅུག་པ་དང་ཆབས་ཅིག འགྲན་བསྡུར་གཉེར་སྟངས་གསར་གཏོད་ཀྱང་བྱས་ཡོད། ལུས་རྩལ་རིགས་ཀྱི་མཐུན་ཚོགས་ཀྱིས་འགྲན་བསྡུར་གཉེར་རོགས་བྱས་པ་དང་། ལས་ཁུངས་དང་། ཁེ་ལས། སློབ་གྲྭ། དཔུང་སྡེ། ཤང་གྲོང་། སྡེ་ཁུལ་སོགས་སུ་འགྲན་བསྡུར་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་ངང་སྤེལ་ནས། སྔོན་ཆད་རྩལ་འགྲན་ལུས་རྩལ་གཙོ་བོར་བྱས་པའི་འགྲན་དོན་དེ་དམངས་ཡོངས་ཀྱིས་མཉམ་དུ་སྤྱོད་པའི་ལུས་རྩལ་འདུ་ཚོགས་ཤིག་ལ་གྱུར་པར་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ལ་སྔར་བས་སྐུལ་འདེད་བཏང་ཡོད་པ་རེད།
     སྒྲིག་འཛུགས་ཨུ་ལྷན་འགྲན་བསྡུར་སྒྲིག་འཛུགས་པུའི་པུའུ་ཀྲང་གཞོན་པ་ཝུན་ཝུའེ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “དམངས་ཡོངས་ཞུགས་པ་དང་། ཞིང་ཆེན་ལུས་རྩལ་མཉམ་སྤྱོད”ཀྱི་འདུ་ཤེས་ལག་བསྟར་བྱས་ནས་མང་ཚོགས་སྔར་ལས་མང་བ་དམངས་ཡོངས་ཀྱི་ལུས་སྦྱོང་ལ་ཞུགས་རྒྱུར་སྐུལ་ལྕག་བྱ་ཆེད། སྒྲིག་འཛུགས་ཨུ་ལྷན་གྱིས་ཆེད་མངགས་མང་ཚོགས་འགྲན་བསྡུར་རྣམ་གྲངས་ལ་རྩལ་འགྲན་འགྲན་བསྡུར་རྣམ་གྲངས་ཀྱི་རིམ་པ་གཅིག་མཚུངས་དང་། ཚད་གཞི་གཅིག་མཚུངས། སྤུས་ཚད་གཅིག་མཚུངས་བཅས་ཀྱི་འགྲན་བསྡུར་ལ་འགན་ལེན་བྱས་ཏེ། དེར་ཞུགས་མཁན་ཚང་མར་ལུས་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་ལུས་རྩལ་གྱི་ཉམས་འགྱུར་མངོན་པར་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ཚེ་རིང་གིས། “སྐབས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ལ་ཞུགས་མཁན་མང་ཚོགས་མང་བ་དང་རྣམ་པ་འཁྲུག་པོ་ཡོད་པ་དེས་དམངས་ཡོངས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་རྣམ་པ་ཡག་པོ་བཏོད་ནས་དམངས་ཡོངས་ཀྱི་ལུས་སྦྱོང་དང་བདེ་ཐང་གི་འདུ་ཤེས་ཁྱབ་གདལ་དུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་ཆེར་གཏོང་དང་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད”ཅེས་བཤད།
     སྐབས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཟླ་4ཚེས་25ཉིན་འགོ་བཙུགས་ཏེ་ཟླ་9ཚེས་12ཉིན་བར་རྒྱུན་མཐུད་ནས་སྤེལ་བ་རེད། འགོ་ཚུགས་མཛད་སྒོ་མ་འཚོགས་གོང་ཉ་འཛིན་པ་དང་། མི་མེད་གནམ་གྲུ། ཐའེ་ཆིའུ་སྤོ་ལོ་སོགས་ཀྱི་རྣམ་གྲངས་ཆེ་གྲས་33དང་རྣམ་གྲངས་ཆུང་གྲས་90ཡི་འགྲན་བསྡུར་བྱས་ཟིན་པར་ལུས་རྩལ་པ་ཁྲི་གསུམ་ལྷག་ཙམ་འགྲན་བསྡུར་ལ་ཞུགས་པ་དང་། མི་ཁྲི་60ཡིས་ད་རེས་ཀྱི་འགྲན་བསྡུར་གོ་སྐབས་སུ་བརྩིས་ནས་ལུས་སྦྱོང་བྱེད་སྒོར་ཞུགས་ཡོད། དེ་རྗེས་ཀྱི་ཉིན་4ཡི་རིང་མུར་མཛོག་དང་རྟ་རྩལ་སོགས་ཀྱི་རྣམ་གྲངས་15ཡི་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད།