འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།ནང་སོག་གིས་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གསར་གཏོད་རྣམ་པའི་དགེ་རྒན་དཔུང་ཁག་བཏོད་དེ་ནང་སོག་གི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཐུབ་པ་བྱ་ཆེད། ཟླ་9ཚེས་8ཉིན་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་དང་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་《དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》(གཤམ་དུ་《ལག་བསྟར་བསམ་འཆར་》ཞེས་བསྡུ་རྒྱུ)བཏོན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 《ལག་བསྟར་བསམ་འཆར་》ནང་རྒྱལ་ཁབ་དར་རྒྱས་ཡོང་བར་ངེས་པར་དུ་སྔོན་ལ་དགེ་རྒན་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁོང་དུ་ཏན་ཏིག་ཆུད་པ་བྱས་ཏེ་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་དགེ་རྒན་གྱི་ཀུན་སྤྱོད་དང་གོམས་སྲོལ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།
     ནང་སོག་གིས་ཏང་ཀྲི་པུའུ་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐོ་སློབ་ཀྱི་བསམ་བློ་དང་ཆབ་སྲིད་ལས་དོན་གྱི་ཆེད་གཉེར་མི་སྣ་དང་ཏང་དོན་ལས་དོན་མི་སྣ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་མི་གྲངས་ཀྱི་1%ལས་མི་ཉུང་བ་བྱེད་པ་དང་སློབ་གླིང(ཚན་ཁག)རེར་ཉུང་མཐར་ཡང་ཆེད་གཉེར་སྒྲིག་འཛུགས་མི་སྣ་གཅིག་བཀོད་སྒྲིག་བྱ་རྒྱུ་ཡིན་པ་བཏོན་པ་རེད།
     གཞན་ཡང་། 《ལག་བསྟར་བསམ་འཆར་》ནང་སྒྲིག་སྲོལ་ལམ་སྲོལ་གསེད་བཀྲོལ་ཏན་ཏིག་བྱས་ཏེ་དགེ་རྒན་དོ་དམ་གྱི་ཕྱོགས་བསྡུས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་དགོས། ནང་སོག་གིས་འགན་དབང་དང་། མི་དོན་དབང་ཆ། རྒྱུ་ནོར་བདག་དབང་བཅས་གཅིག་གྱུར་གྱི་དགེ་རྒན་དོ་དམ་སྒྲིག་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་སྒྲིག་ཁུངས་དོ་དམ་ལེགས་སུ་དང་ཚད་ལྡན་དུ་གཏོང་བ་དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་ཆོག་འཐུས་དང་ལས་བསྡུའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གྱི་གོ་མིང་དང་དཔྱད་ཞིབ་གདེང་འཇོག་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ་སོགས་བྱ་རྒྱུ་ཡིན་པ་བཏོན་པ་རེད།