འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་11ཉིན།

༄༅།།ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་མཚོ་སྐོར་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་བོད་ལྗོངས་མངའ་རིས་སུ་གཉེར་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན། གནས་རི་གངས་རིན་པོ་ཆེའི་འདབས་ཀྱི་མ་ཕམ་གཡུ་མཚོའི་འགྲམ་དུ་རྐང་འཁོར་འགྲན་བསྡུར་གྱི་བདམས་ཐོན་པ་བཅུ་ཕྲག་ཁ་ཤས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་འགྲན་བསྡུར་བྱེད་བཞིན་འདུག
     འགྲན་བསྡུར་དེར་བོད་ལྗོངས་གཡག་རྐང་འཁོར་རུ་ཁག་དང་ལྷ་ས་ཧྥིང་ཤིན་ལྗོངས་ཕྱིའི་སྤྲོ་སྐྱིད་ཁང་སོགས་འཐུས་མིའི་རུ་ཁག་བདུན་གྱི་བདམས་ཐོན་པ་28ཞུགས་ཡོད་པ་དང་། རྐང་འཁོར་རུ་ཁག་གི་བུད་མེད་བདམས་ཐོན་པ་སུང་ཧན་པིང་གིས་འགྲན་བསྡུར་མཇུག་འགྲིལ་རྗེས། འགྲན་བསྡུར་བྱ་ཡུལ་གྱེན་དུ་མེད་ཀྱང་ས་བབ་མཐོ་བ་དང་རིང་ཚད་སྤྱི་ལེ་50ལྷག་ཟིན་པས་ངའི་ངོས་ནས་བརྗོད་ན་འགྲན་སློང་ཆེན་པོ་འཕྲད་བྱུང་། འོན་ཀྱང་དེ་ནི་ངས་མཐོང་བའི་འགྲན་བསྡུར་བྱ་ཡུལ་མཛེས་ཤོས་དེ་རེད་ཅེས་བརྗོད་པ་རེད།
     ཐེངས་འདིའི་མ་ཕམ་གཡུ་མཚོ་སྐོར་བའི་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་ནི་2018ལོའི་མངའ་རིས་རི་སྐོར་མཚོ་སྐོར་བྱེས་བགྲོད་འགྲན་སློང་འགྲན་བསྡུར་སྐབས་དང་པོའི་འགྲན་བསྡུར་རྣམ་གྲངས་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ། པེ་ཅིང་ཀུ་ཤུ་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། ཉིན་དེར་རི་སྐོར་བྱེས་བགྲོད་དང་གངས་རིན་པོ་ཆེའི་སྤྱི་ཕན་རི་སྐོར་སོགས་རྣམ་གྲངས་ཀྱང་མཉམ་དུ་གཉེར་བ་རེད།
     བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས། ས་མཐོར་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་བྱེས་བགྲོད་ལུས་རྩལ་གྱི་ཐོན་ཁུངས་ཡོད་པས། ཐེངས་འདིའི་འགྲན་བསྡུར་བརྒྱུད། ས་གནས་དེ་གའི་ལུས་སྦྱོང་སྤྲོ་གསེང་ཐོན་ལས་འཕེལ་རྒྱས་མགྱོགས་སུ་ཕྱིན་ནས། བོད་དུ“ལུས་རྩལ+ཡུལ་སྐོར”བྱེད་སྟངས་འཚོལ་ཞིབ་སྔར་བས་ཡག་པོ་ཐུབ་རེ་ཡོད་ཅེས་བརྗོད་པ་རེད།