འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་11ཉིན།

༄༅།།སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་མཚོ་སྔོན་དུ་ལོར་ཆ་སྙོམས་ལས་ཞུགས་ཐུབ་ཚད་མི་ཁྲི་4.5འཕར་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་སྤྱི་འབོར་མུ་མཐུད་འཕར་ནས་ཉེ་བའི་ལོ་40ཡི་རིང་ཁྱོན་མི་ཁྲི་182.2འཕར་བ་དང་ལོར་ཆ་སྙོམས་མི་ཁྲི་4.5འཕར་ཡོད་པ་རེད།
     ཤེས་རྟོགས་བྱུང་བ་ལྟར་ན། 1978ལོ་ནས་བཟུང་། མཚོ་སྔོན་གྱིས་ལས་ཞུགས་ལམ་ལུགས་སྒྱུར་བཅོས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་ཁྲོམ་ར་དང་འཚམ་པའི་ལས་ཞུགས་སྲིད་ཇུས་ཀྱི་མ་ལག་རིམ་བཞིན་ཆགས་པ་དང་། ལས་ཞུགས་ཀྱི་སྤྱི་འབོར་ཡང་1978ལོའི་མི་ཁྲི་144.7ནས་2017ལོའི་མི་ཁྲི་326.9བར་འཕར་བ་དེ་ལྡབ་2.3ཙམ་འཕར་བ་དང་ལོར་ཆ་སྙོམས་མི་ཁྲི་4.5འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐད། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་དེ་གར་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ལོར་ཆ་སྙོམས་ལས་ཞུགས་ཐུབ་ཚད་མི་ཁྲི་6ལྷག་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་ཐོག་མཐའ་བར་གསུམ་དུ་3.5%མན་གྱི་ཅུང་དམའ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
     ལས་ཞུགས་ཀྱི་སྤྱི་འབོར་འཕར་བ་དང་ཆབས་ཅིག མཚོ་སྔོན་དུ་ལོ་40ཙམ་གྱི་རིང་ལས་ཞུགས་ཀྱི་གྲུབ་ཆ་ཡང་ཟམ་མི་ཆད་པར་ལེགས་སུ་བཏང་བའི་ནང་ཐོན་ལས་དང་པོའི་ལས་གཉེར་མི་སྣའི་བསྡུར་ཚད་ཆེས་ཆེར་ཆག་པ་དང་། ཐོན་ལས་གཉིས་པའི་གྲུབ་ཆ་འགྱུར་ལྡོག་བརྟན་པོ་བྱུང་བ། ཐོན་ལས་གསུམ་པའི་བསྡུར་ཚད་མཐོ་རུ་འགྲོ་ཚད་ཆེ་ཙམ་བྱུང་བ་བཅས་རེད། 1978ལོར། ཞིང་ཆེན་དེ་གའི་ཐོན་ལས་གསུམ་གྱི་ལས་ཞུགས་མི་སྣའི་བསྡུར་ཚད་ནི་71.3:18.3:10.4ཟིན་པ་དང་། 2017ལོར་སླེབས་སྐབས་35:22:43བར་མཐོ་རུ་སོང་ཡོད་པ་རེད།
     ཐོན་ལས་གསུམ་དུ་ལས་ཞུགས་ཐེངས་གསུམ་ཕུད། གཞན་ཡང་མཚོ་སྔོན་གྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་མི་གྲངས་ཀྱང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་པའི་མི་འབོར་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་འབོར་གྱི་56%བཟུང་བ་དང་བོད་རིགས་ས་ཁུལ་གྱིས་བསྡུར་གྲངས་བཟུང་ཚད་90%ལྷག་ཟིན་ཡོད། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་མ་གཏོང་ཆེད། མཚོ་སྔོན་གྱིས“ཡུལ་གཞན་དུ་གཞན་སྒྱུར་ཕྱིར་གཏོང་དང་ཉེ་སར་ལས་ཞུགས་གཞན་སྒྱུར་མཉམ་སྤེལ”གྱི་ལས་ཀའི་བསམ་ཕྱོགས་ལག་བསྟར་མཐའ་འཁྱོངས་བྱས་པས་འབྲེལ་ཡོད་ཀྱི་ཕན་འབྲས་ཀྱང་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།
     2017ལོའི་ལོ་མཇུག་བར། ཞིང་ཆེན་དེས་རིམ་རྩིས་བྱས་ན། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་577གཞན་སྒྱུར་བྱས་པ་དང་ལོར་ཆ་སྙོམས་མི་ཐེངས་ཁྲི་115བརྒལ་ཡོད། འབྲེལ་ཡོད་ཀྱི་མི་རེའི་ཆ་སྙོམས་ངལ་ནུས་ཡོང་འབབ་དེ་སྒྱུར་བཅོས་སྒོ་དབྱེའི་སྔོན་གྱི་སྒོར་50མ་ཟིན་པ་ནས་2017ལོའི་སྒོར་2645བར་མང་དུ་སོང་བ་དང་འཕར་ཚད་ལྡབ་53ཙམ་ཟིན་ནས་ཞིང་འབྲོག་པའི་ངལ་རྩོལ་གྱི་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་སོང་ཡོད་པ་རེད།