འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་10ཉིན།

༄༅།།ལྗར་པན་གྱི་པེ་ཧའེ་ཏའོ་ཡི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་42བར་འཕར་ཡོད།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་གྱི་དགོང་མོར། ལྗར་པན་གཞུང་དོན་ཁང་གི་འགོ་འཛིན་ཅན་དབྱི་ཝུའེ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་པེ་ཧའེ་ཏའོ་ཡི་ས་ཡོམ་གྱིས་མི་42རྐྱེན་ལམ་དུ་ཤོར་བར་བཅུག་པ་དང་། མིག་སྔར་ད་རུང་མི་1གར་སོང་ཆ་མེད་དུ་གྱུར་ཡོད་པར་བཤད། ཉེན་རྟོག་པ་དང་། མེ་ཟོན་མི་སྣ། དེ་བཞིན་ལྗར་པན་རང་སྲུང་དཔུང་སྡེས་གྲུབ་པའི་རོགས་སྐྱོབ་རུ་ཁག་གིས་མུ་མཐུད་ནས་གར་སོང་ཆ་མེད་དུ་གྱུར་མཁན་དེ་འཚོལ་བཞིན་ཡོད།
         ཟླ་9ཚེས་9ཉིན་གྱི་ས་སྲོད་བར། པེ་ཧའེ་ཏའོ་ས་ཁུལ་དུ་སྔར་བཞིན་ཉེན་གཡོལ་ས་གནས་སུ་མི་2600ཡིས་འཚོ་བ་བསྐྱལ་བཞིན་ཡོད་ཅིང་། དུད་ཚང་8000ལ་ཆུ་ཆད་ཡོད། མིག་སྔར་པེ་ཧའེ་ཏའོ་ས་ཁུལ་གྱི་གློག་ཤུགས་མཁོ་འདོན་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཡོད་ཀྱང་། ས་ཡོམ་མ་བྱུང་སྔོན་གྱི་གློག་བེད་སྤྱོད་ཚ་ཤོས་སྐབས་ཀྱི་དགོས་མཁོ་ཡི་ཆུ་ཚད་ལ་ད་དུང་སླེབས་ཐུབ་མེད།
         པེ་ཧའེ་ཏའོ་ལྕགས་ལམ་དང་མཁའ་ཐོག་སྐྱེལ་འདྲེན་གྱི་གནས་ཚུལ་ཚེས་9ཉིན་ལེགས་སུ་ཕྱིན་ཡོད་པ་དང་། པེ་ཧའེ་ཏའོ་ནས་པན་ཀྲོའུ་ས་ཁུལ་བར་གྱི་་ཟོག་འདྲེན་མེ་འཁོར་གྱི་འཁོར་སྐྱོད་སླར་གསོ་བྱུང་ཡོད། ས་གནས་དེའི་ལྕགས་ལམ་གཉེར་སྐྱོང་ཕྱོགས་ཀྱིས་ཀྲ་ཧོང་དང་གླིང་ཕྲན་ནང་ཁུལ་གྱི་གྲོང་ཁྱེར་གཞན་ལ་འགྲོ་བའི་མགྱོགས་བགྲོད་མེ་འཁོར་སྦྲེལ་ཡོད། ས་ཡོམ་ལྟེ་གནས་དང་ཐག་མི་རིང་བའི་ཤིན་ཆན་སུའེ་གནམ་ཐང་གི་རྒྱལ་ནང་གི་མཁའ་ལམ་ས་ཡོམ་མ་བྱུང་གོང་གི་ཆུ་ཚད་90%བར་སླར་གསོ་བྱུང་བ་དང་། རྒྱལ་སྤྱིའི་མཁའ་ལམ་ཡོངས་སུ་སླར་གསོ་བྱུང་ཡོད།
       ས་གནས་དེ་གའི་ཚེས་6ཉིན་གྱི་ཐོ་རེངས་སུ། ལྗར་པན་པེ་ཧའེ་ཏའོ་རུ་ས་ཡོམ་རིམ་པ་6.7བྱུང་ནས་ས་ཆ་མང་པོར་ཁང་པ་རྡིབ་ཅིང་རི་ཉིལ་ཏེ། གཞི་ཁྱོན་ཆེ་བའི་ཆུ་དང་གློག་ཆད་པ་དང་། འགྲིམ་འགྲུལ་འགག་པའི་གནས་ཚུལ་ཐོན་ཡོད།