འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་10ཉིན།

༄༅།།ཨ་རིས་ཀྲུང་གོར་ཨ་སྒོར་དུང་ཕྱུར་2000ཡི་ཚོང་ཟོག་ལ་སྒོ་ཁྲལ་འཐོལ་པ་བསྡུ་རྩིས་ཡོད་པར་ཚོང་དོན་པུས་
ལན་བརྒྱབ་སྟེ་ཨ་རིའི་བྱ་སྤྱོད་ལ་དགོས་ངེས་ཀྱི་རྒོལ་ལན་སློག་ཐབས་སྤྱོད་རྒྱུ་ཡིན་ཞེས་བསྟན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨ་རིས་ཀྲུང་གོར་ཨ་སྒོར་དུང་ཕྱུར་2000ཡི་ཚོང་ཟོག་ལ་སྒོ་ཁྲལ་འཐོལ་པ་བསྡུ་རྩིས་ཡོད་པར་དམིགས་ནས། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས་ཚེས་6ཉིན་གལ་ཏེ་ཨ་རི་ཕྱོགས་ཀྱིས་ཨུ་ཚུགས་མཐའ་སྐྱེལ་བྱས་ན་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་བྱ་སྤྱོད་ལ་དགོས་ངེས་ཀྱི་རྒོལ་ལན་སློག་ཐབས་སྤྱོད་རྒྱུ་ཡིན་ཞེས་བཤད།
        ཨ་རིས་ཀྲུང་གོར་ཨ་སྒོར་དུང་ཕྱུར་2000ཡི་ཚོང་ཟོག་ལ་སྒོ་ཁྲལ་འཐོལ་པ་བསྡུ་རྒྱུའི་ཐད་དམངས་ཚོགས་ཀྱི་བསམ་འཆར་བསྡུ་ལེན་ཉེ་དུས་མཇུག་འགྲིལ་བ་དང་དེར་ཞུགས་མཁན་མང་པོ་ཞིག་གིས་ངོ་རྒོལ་གྱི་བསམ་འཆར་བཏོན་ཡོད།
        ཀའོ་ཧྥུང་གིས་དུས་མཚམས་ཤིག་རིང་། ཨ་རི་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལས་ཚབས་ཆེན་འགལ་ནས་ཕྱོགས་རྐྱང་པའི་བྱེད་ཐབས་རྒྱུན་ཆད་མེད་པར་བཏོན་པས། ཀྲུང་གོ་དང་ཨ་རིའི་ཚོང་དོན་རྩོད་གཞི་ཇེ་སྡུག་ཏུ་སོང་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་བཏང་བ་མ་ཟད། གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་གྱི་བདེ་འཇགས་ལའང་གནོད་འཚེ་བཏང་ཡོད། བསམ་འཆར་བསྡུ་ལེན་བྱེད་རིང་གལ་ཏེ་ཨ་རི་ཕྱོགས་ཀྱིས་ཁེ་ལས་མང་པོ་ཞིག་གི་ངོ་རྒོལ་ལ་མི་བལྟོས་པར་ཨུ་ཚུགས་མཐའ་སྐྱེལ་གྱིས་ཀྲུང་གོར་སྒོ་ཁྲལ་འཐོལ་པ་བསྡུ་བའི་བྱེད་ཐབས་སྤྱད་ན་ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་རྒོལ་ལན་མི་སློག་ཀ་མེད་རེད། དེ་དང་ཆབས་ཅིག ཀྲུང་གོ་ཕྱོགས་ཀྱིས་སླར་ཡང་བསྐྱར་བསྒྲགས་བྱ་རྒྱུར་གནོན་ཤུགས་ཀྱི་བྱེད་ཐབས་གང་རུང་སྤྱད་ཀྱང་ཀྲུང་གོའི་ངོས་ནས་བརྗོད་ན་རྒྱུ་མཚན་མེད་པ་ཞིག་དང་གོ་མི་ཆོད་པ་ཞིག་རེད། ཚོང་དོན་རྩོད་གཞིས་གནད་དོན་གང་ཡང་ཐག་གཅོད་མི་ཐུབ། འདྲ་མཉམ་དང་ཡིད་རྟོན་གྱི་སྒོ་ནས་གླེང་མོལ་དང་གྲོས་མོལ་བྱ་རྒྱུ་ནི་ཀྲུང་ཨའི་ཚོང་དོན་རྩོད་གཞི་ཐག་གཅོད་བྱེད་པའི་ཡང་དག་པའི་གདམ་ག་ཅིག་རེད་ཅེས་བཤད།
       ཀའོ་ཧྥུང་གིས་ཨ་རི་ཕྱོགས་ཀྱིས་ཨ་སྒོར་དུང་ཕྱུར་2000ཡི་ཀྲུང་གོའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་འཐོལ་པ་བསྡུ་རྒྱུའི་གནས་ཚུལ་ཁྱབ་བསྒྲགས་བྱས་རྗེས། ཀྲུང་གོ་ཕྱོགས་ཀྱིས་ཟླ་8ཚེས་3ཉིན་ཨ་རི་ནས་ནང་འདྲེན་བྱས་པའི་ཨ་སྒོར་དུང་ཕྱུར་600ཡི་ཚོང་ཟོག་ལ་སྒོ་ཁྲལ་འཐོལ་པ་བསྡུ་རྒྱུའི་རྒོལ་ལན་སློག་ཐབས་ཁྱབ་བསྒྲགས་བྱས་པ་མ་ཟད་ཚོང་ཟོག་གི་རྩིས་ཐོ་ཡང་ཁྱབ་བསྒྲགས་བྱས་ཟིན། གལ་ཏེ་ཨ་རི་ཕྱོགས་ཀྱིས་ཨུ་ཚུགས་མཐའ་སྐྱེལ་བྱས་ན་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་བྱ་སྤྱོད་ལ་དགོས་ངེས་ཀྱི་རྒོལ་ལན་སློག་ཐབས་སྤྱོད་རྒྱུ་ཡིན། དེ་དང་ཆབས་ཅིག ཀྲུང་གོ་ཕྱོགས་ཀྱིས་སྒོ་ཁྲལ་འཐོལ་པ་བསྡུས་པ་ལས་བྱུང་བའི་ཤུགས་རྐྱེན་སྣ་ཚོགས་ལ་དོ་ཁུར་དམ་ཟབ་བྱས་ནས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། ཀྲུང་གོར་ཚོང་གཉེར་བྱེད་བཞིན་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱ་རྒྱུ་ཡིན། ང་ཚོར་ཀྲུང་གོའི་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་བྱེད་པའི་ཡིད་ཆེས་དང་། འཇོན་ཐང་། བྱེད་ཐབས་བཅས་ཡོད་ཅེས་བཤད།