འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་9ཉིན།

༄༅།།དབྱི་སི་རལ་གྱིས་སོལ་གློག་འཕྲུལ་འཁོར་སྤྱོད་མཚམས་བཞག་ནས་རང་བྱུང་སོལ་རླངས་དང་བསྐྱར་སྐྱེས་རུང་བའི་
ནུས་རྒྱུ་གོང་སྤེལ་ཤུགས་ཆེན་གཏོང་བ། 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཝུན་ཤན་དང་ཏུའུ་ཀྲེན་གྱིས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་09ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
       མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། དབྱི་སི་རལ་སྲིད་གཞུང་གིས་2022ལོའི་ཟླ་6པའི་གོང་དབྱི་སི་རལ་བྱང་རྒྱུད་ཀྱི་ཨོ་ལུའོ་ཐེ·ལ་པིན་གློག་འདོན་ས་ཚིགས་ཀྱི་རྡོ་སོལ་གློག་འདོན་འཕྲུལ་འཁོར་4སྤྱོད་མཚམས་འཇོག་རྒྱུའི་ཆོག་མཆན་སྤྲད་པ་རེད། དབྱི་སི་རལ་གྱི་རང་བྱུང་སོལ་རླངས་ཐོན་ཁུངས་གསོག་འཇོག་འབེལ་བ་དང་། “སྦགས་བཙོག་གང་ཡང་མེད་པའི”དམིགས་ཚད་མངོན་འགྱུར་ཡོང་ཆེད། སྲིད་གཞུང་གིས་རྡོ་སོལ་གློག་འདོན་འཕྲུལ་འཁོར་སྤྱོད་མཚམས་རིམ་གྱིས་བཞག་ནས་རང་བྱུང་སོལ་རླངས་དང་བསྐྱར་སྐྱེས་རུང་བའི་ནུས་རྒྱུ་གོང་འཕེལ་ཤུགས་ཆེན་བཏང་ནས་གློག་འདོན་རྒྱུ་རེད།
      གསར་འགོད་པས་དབྱི་སི་རལ་ཁོར་ཡུག་སྲུང་སྐྱོང་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། རྡོ་སོལ་གློག་འདོན་འཕྲུལ་འཁོར་4པོ་དེའི་གློག་འདོན་བཟོ་རྩལ་ཅུང་རྗེས་སུ་ལུས་ཁར་དེའི་འབུད་གཏོང་བྱས་པའི་སྦགས་བཙོག་དངོས་པོས་རྒྱལ་ཡོངས་ཀྱི་སྦགས་བཙོག་དངོས་པོའི་25%ཡན་བཟུང་གི་ཡོད་པ་རེད།
     མིག་སྔར། དབྱི་སི་རལ་ལ་རྡོ་སོལ་གློག་འདོན་བཟོ་གྲྭ་ཆེ་གྲས་གཉིས་ཀྱི་རྡོ་སོལ་གློག་འདོན་འཕྲུལ་འཁོར་ཁྱོན་10ཡོད་པ་ཚང་མ་ནི་དབྱི་སི་རལ་གྱི་གློག་འདོན་ཀུང་སིས་གཉེར་སྐྱོང་བྱེད་ཀྱི་ཡོད་པ་དང་། དབྱི་སེ་རལ་བྱང་ཕྱོགས་མཚོ་རྒྱུད་ཀྱི་ཧ་ཏེ་ལ་དང་ལྷོ་ཕྱོགས་མཚོ་རྒྱུད་ཀྱི་ཨ་ཧྲི་ཁེ་ལུང་དུ་སོ་སོར་གནས་ཤིང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་འདོན་པའི་གློག་ཤུགས་བསྡོམས་འབོར་ཀྲའོ་ཝ་4840ལྷག་ཟིན་གྱི་ཡོད།
      ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དབྱི་སི་རལ་ཁོར་ཡུག་སྲུང་སྐྱོང་པུའི་སྲིད་ཇུས་དང་འཐབ་ཇུས་སྡེ་ཚན་གྱི་འགན་འཁུར་བ་ཡིའུ་ཝར·ལ་སི་ཐེས། ཁོར་ཡུག་སྦགས་བཙོག་ཉུང་གཏོང་ལ་བསམས་ཏེ་དབྱི་སི་རལ་གྱིས་2025ལོ་ནས་2030ལོའི་རིང་རྡོ་སོལ་གློག་འདོན་འཕྲུལ་འཁོར་ལྷག་མ་ཡོངས་སྤྱོད་མཚམས་འཇོག་རྩིས་ཡོད་ཅེས་བརྗོད།
     རང་བྱུང་སོལ་རླངས་ཀྱི་ཐོན་ཁུངས་འབེལ་པོ་དང་རང་བྱུང་སོལ་རླངས་ཀྱི་འཛད་སྤྱོད་ཁྲོམ་ར་མགྱོགས་མྱུར་འཕར་བས་དབྱི་སི་རལ་གྱིས་རྡོ་སོལ་གློག་འདོན་འཕྲུལ་འཁོར་ཡོངས་སྤྱོད་མཚམས་བཞག་པ་མ་ཟད། རླངས་འབར་གློག་འདོན་གོང་འཕེལ་ཤུགས་ཆེན་བཏང་བའི“གདེང་ཚོད”བྱུང་བ་རེད། མིག་སྔར་ཐཱ་མར་རླངས་ཞིང་ནི་དབྱི་སི་རལ་གྱིས་དངོས་སུ་ཐོན་སྐྱེད་བྱས་པའི་རང་བྱུང་སོལ་རླངས་ཀྱི་རླངས་ཞིང་འབའ་ཞིག་དེ་ཡིན་པ་དང་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2460ཟིན་པའི་རྩད་ཆོད་གསོག་ཚད་ཀྱིས་དབྱི་སི་རལ་གྱི་མ་འོངས་ལོ་མང་རིང་གི་རང་བྱུང་སོལ་རླངས་ཀྱི་དགོས་མཁོ་ཧ་ལམ་སྐོང་ཐུབ་ཀྱི་ཡོད་པ་རེད།
     དབྱི་སི་རལ་སྲིད་གཞུང་གི་འཆར་གཞི་ལྟར་ན། རང་བྱུང་སོལ་རླངས་འཛད་སྤྱོད་དང་ཕྱིར་གཏོང་གི་དགོས་མཁོ་འཕར་བ་དང་བསྟུན། གསོག་ཚད་འབེལ་བའི་ལི་ཝེ་ཡ་སེན་རླངས་ཞིང་དང་ཁ་ལི་ཧྲི—ཐ་ཉིང་རླངས་ཞིང་2019ལོའི་ལོ་མཇུག་དང་2020ལོའི་ལོ་མཇུག་གོང་སོ་སོར་ཐོན་སྐྱེད་བྱེད་འགོ་བཙུགས་ཏེ་དཔལ་འབྱོར་གོང་འཕེལ་ཆེད་རང་བྱུང་སོལ་རླངས་སྔར་བས་འདང་ངེས་མཁོ་འདོན་ཐུབ་རེ་བྱེད་ཀྱི་ཡོད་པ་རེད།
    དབྱི་སི་རལ་ནུས་རྒྱུ་པུའི་སྔོན་དཔག་ལྟར་ན། ད་ལོ་དབྱི་སི་རལ་གྱི་རང་བྱུང་སོལ་རླངས་ཀྱི་གློག་འདོན་ཚད་དེ་རྒྱལ་ཡོངས་ཀྱི་གློག་འདོན་བསྡུར་ཚད་ནང་70%ཙམ་བར་འཕར་རྒྱུ་དང་རྡོ་སོལ་གློག་འདོན་གྱི་ཚད་དེ་སྔར་བས་30%མན་ཆག་རེ་ཡོད་པ་རེད།
     དབྱི་སི་རལ་སྲིད་གཞུང་གིས་2030ལོར་སླེབས་སྐབས་རང་བྱུང་སོལ་རླངས་ཀྱི་གློག་འདོན་83%བཟུང་རྒྱུ་དང་། བསྐྱར་སྐྱེས་རུང་བའི་ནུས་རྒྱུའི་གློག་འདོན་གྱི་བསྡུར་ཚད་17%བཟུང་རྒྱུ་རེད།
     གཞན་ཡང་། དབྱི་སི་རལ་གྱི་ནུས་རྒྱུ་པུས། 2030ལོ་ནས་བཟུང་དབྱི་སི་རལ་གྱིས་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རླངས་འཁོར་ནང་འདྲེན་མི་བྱེད་པར་ནུས་རྒྱུ་གསར་པའི་རླངས་འཁོར་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ་དེ་དབྱི་སི་རལ་གྱི་ཁ་ཕྱོགས་གལ་ཆེན་དུ་འགྱུར་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།
     དབྱི་སི་རལ་གློག་ཤུགས་དོ་དམ་ཅུས་ཀྱིས་ཟླ་6པར་སྤེལ་བའི་ལོ་འཁོར་སྙན་ཞུའི་ནང་། མིག་སྔར་ཉི་ནུས་ཀྱི་གློག་འདོན་ཚད་ཀྱིས་དབྱི་སི་རལ་གྱི་གློག་འདོན་སྤྱི་འབོར་ནང་གི་བསྡུར་ཚད་3%བཟུང་བ་དང་། བསྡུར་ཚད་དེས་2020ལོ་དང་2030ལོར་སླེབས་སྐབས་10%དང་17%སོ་སོར་འཕར་རྒྱུ་རེད།
     ལ་སི་ཐེས། རྡོ་སོལ་ནི་རྡོ་སོལ་གློག་འདོན་གྱི་ཞོར་ཐོན་དངོས་རྫས་གལ་ཆེན་ཡིན་ནའང་རྡོ་སོལ་གློག་འདོན་འཕྲུལ་འཁོར་རིམ་གྱིས་སྤྱོད་མཚམས་བཞག་པ་དང་བསྟུན་ཏེ། དབྱི་སི་རལ་གྱིས་རྡོ་སོལ་གྱི་བཙོག་འབུད་བྱེད་མཚམས་འཇོག་རྒྱུ་རེད། དུས་རབས་20པའི་ལོ་རབས་90པ་ནས་བཟུང་། དབྱི་སི་རལ་གྱིས་བཟོ་སྐྲུན་རྒྱུ་ཆ་སོགས་ཁྱབ་ཁོངས་སུ་རྡོ་སོལ་དེ་བཟོ་ལས་ཅན་དུ་སྤྱད་པས་རྡོ་སོལ་ཡོངས་བེད་སྤྱོད་བསྐྱར་མ་ཐུབ་ཡོད། འོན་ཀྱང་། ཉེ་བའི་ལོ་ཤས་རིང་། རྡོ་སོལ་གྱི་སྦགས་བཙོག་ཐད་དབྱི་སི་རལ་སྲིད་གཞུང་གིས་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད་ཅེས་བཤད།
     ཉིན་ཤས་གོང་། དབྱི་སི་རལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་དབྱི་སི་རལ་ཁོར་ཡུག་སྲུང་སྐྱོང་པུའི་གཏན་འབེབས་ལ་མོས་མཐུན་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་དང་མི་ལུས་བདེ་ཐང་ལ་གཞིགས་ཏེ་དབྱི་སི་རལ་གྱིས་རྡོ་སོལ་ནང་འདྲེན་གཏན་འགོག་བྱས་ཡོད། འོན་ཀྱང་དབྱི་སི་རལ་གྱི་འབྲེལ་ཡོད་ཐོན་ལས་ལ་རྡོ་སོལ་གྱི་དགོས་མཁོ་སྔར་བཞིན་ཅུང་ཆེ་བའི་རྐྱེན་གྱིས། གཏན་འབེབས་དེ་ག་དུས་ལག་བསྟར་བྱེད་མིན་དེ་མིག་སྔར་རྟོགས་ཐབས་བྲལ་ཡོད་པ་རེད།