འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་9ཉིན།

༄༅།།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཀྲུང་གོའི་ཁེ་ལས་ཨེ་ཅིབ་ཏུ་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཐེབས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་09ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན། ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་ངོགས་སུ་གནས་པའི་ཐའེ་ཏ་བཟོ་ལས་གླིང་དུ་འཕྲུལ་ཆས་ཀྱི་འུར་སྒྲ་སྒྲོག་པ་དང་མི་ཚོགས་ཟང་ཟིང་ཆེན་པོ་ཡོད། ཀྲུང་གོའི་ཅུས་ཧྲེ་ཨེ་ཅིབ་ཤེལ་སྒོའི་ཚི་སྣ་མ་རྐང་ཚད་ཡོད་ཀུང་སིའི(ཅུས་ཧྲི་ཨེ་ཅིབ)ལོ་རེར་ཤེལ་སྒོའི་ཚི་སྣ་ཏུན་ཁྲི་20ཐོན་སྐྱེད་ཐུབ་པའི་རྟེན་གཞི་སྤྱོད་འགོ་ཚུགས་པའི་མཛད་སྒོ་འདི་གར་འཚོག་བཞིན་ཡོད་པ་དེ་ཐོག་ནས་ཀུང་སི་དེས་འཆར་གཞི་བྱས་ན་ལོ་10ལ་བསྐྲུན་ཟིན་པ་བྱ་རྒྱུའི་རྣམ་གྲངས་དེ་ལོ་4སྔ་སྣུར་དུ་ལེགས་གྲུབ་བྱུང་བ་མཚོན་གྱི་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་ལ་མ་འཇོག་བསྡོམས་འབོར་ཨ་སྒོར་དུང་ཕྱུར་6ཟིན་པ་དང་། ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་23.4ཟིན་ནས་ལོ་རེར་ཐོན་སྐྱེད་རིན་ཐང་ཨ་སྒོར་དུང་ཕྱུར་2.2ལས་བརྒལ་རེ་ཡོད་ལ་ས་གནས་དེ་གར་ལས་གནས་2500ལྷག་ཙམ་མཁོ་འདོན་ཐུབ་རེ་ཡོད་པ་རེད། ཀྲུང་གོའི་ཅུས་ཧྲེ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་གཞོན་པ་དབྱང་གོ་མིང་གིས་ཐོན་སྐྱེད་འཁོར་ཁང་བེད་སྤྱོད་བཏང་རྗེས་ཀུང་སིས་ས་གནས་དེ་རང་གི་དོ་དམ་བྱེད་སྟངས་རྒྱུན་འཁྱོངས་བྱ་རྒྱུ་ཡིན། མིག་སྔར་ཨེ་ཅིབ་ཀྱི་ལས་མིས་97%བཟུང་བ་དང་། སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་60%ཨེ་ཅིབ་ཀྱི་ལས་མི་རེད་ཅེས་བཤད་པ་རེད།
     དེས་མ་ཟད་ཅུས་ཧྲི་ཨེ་ཅིབ་ཀུང་སི་འཕེལ་རྒྱས་མྱུར་པོ་སོང་བ་ལས་ད་དུང་གཙང་པོའི་སྟོད་རྒྱུད་ཀྱི་ཟོག་འགྲེམས་སྐྱེལ་འདྲེན་དང་། གཏེར་ཐོན་གསར་སྤེལ། བཟོ་ལས་བཟོ་སྐྲུན་བཅས་དང་དེ་བཞིན་གཙང་པོའི་སྨད་རྒྱུད་ཀྱི་རྫས་འགྱུར་བཟོ་ལས་དང་རླུང་གློག་སོགས་རྒྱུན་མཁོའི་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་ཐེབས་ཡོད།
     ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་ཧྥུའུ་ཙི·ཐཱ་ཧ་ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་གྱི་གསར་སྤེལ་ལས་གྲྭ་ལག་ལེན་བསྟར་བ་དང་སྦྲགས་ཨེ་ཀྲུང་ཕྱོགས་གཉིས་པོའི་ཁེ་ལས་དབར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། “ཅུས་ཧྲེ་ཨེ་ཅིབ་ཀུང་སི་གནས་སའི་ཐའེ་ཏ་བཟོ་ལས་གླིང་ནི་ཀྲུང་གོའི་ཁེ་ལས་འདུས་སྡོད་ཁུལ་ཞིག་ཡིན་པས་ཕྱོགས་གཉིས་པོས་མཉམ་ལས་དམ་ཟབ་བྱས་ཏེ་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་འདི་ཉིད‘རྒྱུད་གཅིག་ལམ་གཅིག’ལམ་རྒྱུད་ཀྱི་དཔེ་མཚོན་ལས་གྲྭ་ཞིག་ཏུ་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
     ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་དང་ཚོང་དོན་ཚན་ཙན་ཡིན་པའི་ཧན་པིང་གིས་ཀྲུང་ཨེ་ཕྱོགས་གཉིས་པོའི་དབར་འབྲེལ་བ་བཟང་པོ་ཡོད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་མ་ཟད་རྒྱལ་ཁབ་གཉིས་པོའི་ཚོང་དོན་གྲངས་འབོར་ཡང་རྒྱུན་ཆད་མེད་པར་མཐོ་རུ་སོང་ནས་ཀྲུང་གོས་མ་འཇོག་སྔར་བས་མང་བ་བྱས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཅིབ་ཀྱི་དངུལ་རྩ་དང་། གྲོང་ཁྱེར་འཛུགས་སྐྲུན། ལྕགས་ལམ། གློག་འདྲེན་སོགས་ཁྱབ་ཁོངས་ནང་ཧུར་ཐག་ཞུགས་ཡོད། ཅུས་ཧྲི་ཨེ་ཅིབ་ཀུང་སི་ནི་ཀྲུང་གོའི་ཁེ་ལས་ཨེ་ཅིབ་ཏུ་འཕེལ་རྒྱས་སྟོབས་ཆེར་ཕྱིན་པའི་དཔེ་མཚོན་ཡག་པོ་ཞིག་རེད་ཅེས་བཤད།