འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་9ཉིན།

༄༅།།ཝུ་ཀན་ཏའི་གྲོང་གསེབ་ཀྱི་རྒྱ་ཡིག་སློབ་ཁང་། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་09ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། “སློབ་གྲོགས་ཚོ། ང་ཉི་འོད་ཁུལ་ཆུང་དུ་སྡོད་ཀྱི་ཡོད་ཅེས་པ་ང་དང་མཉམ་དུ་ཀློག་ཤོག”ཅེས་ཝུ་ཀན་ཏའི་རྒྱལ་ས་ཁམ་ཕ་ལའི་བྱང་ངོས་ཀྱི་སྤྱི་ལེ་80ཡི་སའི་ལུའུ་ཝུའེ་ལོ་ཁུལ་གྱི་ཇོ་མོ་གླང་མའི་སློབ་གྲྭར་ས་གནས་དེ་གའི་རྒྱ་ཡིག་དགེ་རྒན་མོ་ཤིས·ཨ་པོ་ལོ་ཡིས་སློབ་མ་ཚོར་རྒྱ་ཡིག་སློབ་ཚན་འཁྲིད་བཞིན་ཡོད།
      ལོ་31ལ་སླེབས་པའི་ཨ་པོ་ལོའི་གཟུགས་སྟོབས་དེ་ཙམ་ཆེན་པོ་མེད་ཀྱང་བབ་ཆགས་པོ་ཞིག་ཡོད། ཁོང་གིས་ཅིང་ཐེང་ཀེ(ས་གནས་དེ་གའི་སྲོལ་རྒྱུན་གོས་རྒྱན)སྟོད་གོས་ཤིག་གྱོན་པ་དང་བལྟས་པ་ཙམ་གྱིས་གཤིས་ཀ་འཇམ་པོ་ཞིག་ཡོད་པ་བསྟན། ཁོང་གིས་སློབ་མའི་སྣེ་ཁྲིད་དེ་སློབ་ཚན་ཀློག་སྐབས་ཡང་ཡང་ངང་ཁོང་ཚོའི་སྒྲ་གདངས་དག་ཏུ་གཏོང་གི་ཡོད། སྐབས་རེ་དབྱིན་ཡིག་ཐོག་ནས་འགྲེལ་བཤད་བརྒྱབ་སྟེ་སློབ་མའི་བག་ཆགས་ཟབ་ཏུ་གཏོང་གི་ཡོད།
      2008ལོར་ཨ་པོ་ལོར་ཀྲུང་གོ་སྲིད་གཞུང་གི་སློབ་སྐྱོར་རོགས་དངུལ་ཐོབ་སྟེ་ཀྲུང་གོར་སློབ་སྦྱོང་བྱེད་པར་འོང་། ཁོང་གིས་ནན་ཅིང་དགེ་འོས་སློབ་ཆེན་དང་། ལེའོ་ཉིང་སློབ་ཆེན། ཏ་ལན་ཕྱི་སྐད་སློབ་ཆེན་བཅས་ལ་སྔ་རྗེས་སུ་སློབ་སྦྱོང་བྱས་ནས་རྒྱལ་སྤྱིའི་ཚོང་དོན་དང་རྒྱ་ཡིག་རྒྱལ་སྤྱིའི་སློབ་གསོ་སྦྱངས་པ་རེད། 2015ལོར་ཨ་པོ་ལོར་རབ་འབྱམས་པའི་སློབ་གནས་ཐོབ་རྗེས་ཝུ་ཀན་ཏ་རུ་ཕྱིར་ལོག་བྱས་ཏེ་མའེ་ཁེ་ལུའེ་ལུའེ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་དུ་རྒྱ་ཡིག་དགེ་རྒན་ཞིག་བྱས། 2017ལོའི་ཟླ་བ་གཉིས་པར་ཨ་པོ་ལོ་ཡིས་ཇོ་མོ་གླང་མའི་སློབ་གྲྭར་རྒྱ་ཡིག་སློབ་ཁྲིད་བྱས། ཁོང་གིས་ཇོ་མོ་གླང་མའི་སློབ་གྲྭའི་སློབ་མ་500ལྷག་ཙམ་ལ་རྒྱ་ཡིག་སློབ་ཚན་ཁྲིད་པ་ཕུད། ད་དུང་ཉེ་འགྲམ་གྱི་ཇོ་མོ་གླང་མའི་སློབ་ཆུང་གི་སློབ་མ་200ཙམ་ལ་རྒྱ་ཡིག་སློབ་ཚན་ཁྲིད་ཀྱི་ཡོད།
     ཧྲི་སྨི་སི·མུའུ་ཅི་ཧྲ་ནི་ཨ་པོ་ལོའི་སློབ་མ་ཞིག་རེད། ཁོང་གིས་རྒྱ་ཡིག་སྦྱངས་ནས་ལོ་གཅིག་ལྷག་ཙམ་སོང་ཡོད། “ཨ་པོ་ལོས་རྒྱ་ཡིག་སློབ་པ་ཕུད། ད་དུང་ཀྲུང་གོའི་རིག་གནས་ཀྱང་སློབ་ཀྱི་ཡོད། ཁོང་གིས་ང་ཚོར་ཁོའེ་ཙི་སྤྱོད་སྟངས་དང་ཁོའེ་ཙིའི་རིག་གནས་བསླབས་ནས་ཀྲུང་གོའི་རིག་གནས་ལ་བརྩི་འཇོག་བྱེད་དགོས་ལུགས་གསུངས་བྱུང”ཞེས་མུའུ་ཅི་ཧྲ་ཡིས་ལག་ཏུ་ཁོའེ་ཙི་ཆ་གཅིག་འཁྱེར་ནས་བཤད་བྱུང་།
     ཨན་ཅི་ལཱ·ནའེ་དབྱི་རུའེ་ཁེ་ད་ལྟ་དམའ་རིམ་སློབ་འབྲིང་གཉིས་པར་འགྲོ་གི་ཡོད། ལྷོ་སུའུ་ཏན་ནས་ཡིན་པའི་ཁོང་གིས་གསར་འགོད་པར“དགེ་རྒན་ཨ་པོ་ལོའི་སློབ་ཚན་འཁྲུག་ཆ་དོད་པོ་ཞིག་ཡོད། ཁོང་གིས་རང་ཉིད་ཀྱི་མྱོང་ཚོར་དངོས་ལ་བརྟེན་ནས་ཝུ་ཀྲུང་རྒྱལ་ཁབ་གཉིས་པོའི་སྐད་ཡིག་དང་རིག་གནས་ཀྱི་ཧེ་བག་འགྲེལ་བཤད་བསྐྱོན་གྱི་ཡོད”ཅེས་བཤད་བྱུང་། ནའེ་དབྱི་རུའེ་ཁེ་བཟོ་བཀོད་པ་ཞིག་བྱེད་འདོད་ཡོད། ཁོང་གིས“མེས་རྒྱལ་ལྷོ་སུའུ་ཏན་དུ་ཕྱིར་ལོག་བྱེད་སྐབས་རང་ཉིད་ས་གནས་དེ་གའི་ཀྲུང་གོའི་ཀུང་སི་ཞིག་ཏུ་ལས་ཀ་རག་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།
     མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་མ་ཉི་ཧྲ་·ཁ་ཝུའེ་དབང་པེ་ཁྲིམས་རྩོད་པ་ཞིག་བྱས་ཏེ་ཉིན་ཞིག་ཝུ་ཀྲུང་ཁེ་ལས་ལ་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཁོང་གིས“ཁྱིམ་དུ་ལོག་རྗེས་ངས་དགེ་རྒན་ཨ་པོ་ལོས་ཉིན་དེར་བསླབས་པའི་རྒྱ་ཡིག་ཨ་མར་ཤོད་ཀྱི་ཡོད། སླད་ཕྱིན་ཁོང་གིས་ང་དང་མཉམ་དུ་རྒྱ་སྐད་ཆུ་རྒྱུག་རྒྱུག་ཅིག་ཤོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།
      སློབ་གྲྭའི་ནང་གི་རྒྱ་ཡིག་དགེ་རྒན་འབའ་ཞིག་དེ་ཡིན་པའི་ཨ་པོ་ལོར་ཉིན་ལྟར་སློབ་ཚན་མང་པོ་བཀོད་སྒྲིག་བྱས་ཡོད། སྐབས་རེ་ཞོགས་པའི་ཆུ་ཚོད་8པ་ལྷག་ཙམ་ནས་ཕྱི་དྲོའི་ཆུ་ཚོད་6པ་ཙམ་བར་སློབ་ཚན་ཁྲིད་དགོས་ཀྱི་ཡོད། ཁོང་གིས“འཛིན་གྲྭ་གཅིག་ལ་སྤྱིར་ན་སློབ་མ་60ལྷག་ཙམ་ཡོད། སྡོད་ས་མཇུག་མའི་སློབ་མ་ཚོས་ནག་པང་ཐོག་གི་ཡི་གེ་མཐོང་ཐུབ་པ་བྱ་ཆེད། ངས་དུས་རྒྱུན་རྒྱ་ཡིག་གི་ཤོག་བྱང་དང་གཞུང་བཀལ་སྦྱར་ཚིག་སློབ་ཁང་ནང་བཀལ་ནས་སློབ་མ་ཚོས་གསལ་པོ་མཐོང་ཐུབ་པ་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།
     སློབ་གྲྭའི་ཆ་རྐྱེན་ཞན་པ་མ་ཟད། ད་དུང་སློབ་མ་ཚོར་རྒྱ་ཡིག་སློབ་དེབ་དང་ཟུར་ཁྲིད་དཔྱད་ཡིག་དཀོན་པོ་ཡོད་ནའང་ཨ་པོ་ལོ་ཡིས་སྔར་བཞིན་འབད་བརྩོན་ཆེན་པོས་རྒྱ་ཡིག་སློབ་ཁྲིད་ཀྱི་ལས་ལ་གཞོལ་བཞིན་ཡོད། མའེ་ཁེ་ལུའེ་ལུའེ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གིས་ཀྱང་ལུའུ་ཝུའེ་ལོ་ཁུལ་གྱི་རྒྱ་ཡིག་སློབ་ཁང་ལ་རྒྱབ་སྐྱོར་མང་པོ་བྱས་པ་དང་ཨ་པོ་ལོ་དང་ཁོང་གི་སློབ་མ་བྱེད་སྒོའི་ནང་ཞུགས་རྒྱུར་རྟག་ཏུ་གདན་དྲངས་ཀྱི་ཡོད། སྐབས་རེ་བྱེད་སྒོ་ཁག་གཅིག་ཇོ་མོ་གླང་མའི་སློབ་གྲྭར་གཉེར་གྱི་ཡོད།
     ཁོང་གིས། རྒྱ་ཡིག་སློབ་གསོ་དེ་ཝུ་ཀན་ཏའི་གྲོང་གསེབ་དང་ཐག་རིང་ལུང་ཁུག་ས་ཁུལ་དུ་ཁྱབ་གདལ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཝུ་ཀན་ཏའི་གྲོང་གསེབ་ཏུ་ཀྲུང་གོའི་ཁེ་ལས་མང་པོས་མ་འཇོག་དང་གཉེར་སྐྱོང་སྣ་ཚོགས་བྱེད་ཀྱི་ཡོད། ཁོང་གིས“ཁེ་ལས་དེ་དག་གིས་ས་གནས་དེ་གའི་མི་རྣམས་དང་འབྲེལ་གཏུག་བྱེད་དགོས་ཀྱི་ཡོད་ལ། ས་གནས་དེ་གའི་ལས་མི་འབོར་ཆེན་ཡང་བསྡུ་དགོས་ཀྱི་ཡོད་པས་ས་གནས་དེ་གར་རྒྱ་ཡིག་སློབ་གསོ་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་ཤུགས་ཆེན་བཏང་ན་ཕན་འབྲས་ཆེན་པོ་ཐོན་རྒྱུ་རེད”ཅེས་བཤད་བྱུང་།
     “རྒྱ་ཡིག་གི་ཤེས་བྱ་སློབ་པ་ནི་སློབ་མའི་མཐོང་རྒྱ་ཆེ་རུ་དང་ཁོང་ཚོའི་འབྱུང་འགྱུར་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་ཞིག་ཡིན། ཀྲུང་གོའི་རིག་གནས་བརྒྱུད་སྤེལ་བྱས་ཏེ་ཝུ་ཀན་ཏ་བ་དེ་བས་མང་བས་ཀྲུང་གོ་ཤེས་རྟོགས་ཐུབ་པ་དང་དམངས་ཁྲོད་དབར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ངའི་འགན་འཁྲི་ཞིག་ཡིན”ཞེས་ཨ་པོ་ལོ་ཡིས་བཤད་པ་རེད།