འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་9ཉིན།

༄༅།།ཛ་དྲག་བརྡ་ཐོ་བཏང་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཕྲལ་མར་གྲལ་བཤེར་
བྱེད་དགོས་པའི་བླང་བྱ་བཏོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་09ཉིན། 12:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། མིག་སྔར་སློབ་གྲྭ་འབྲིང་ཆུང་ཁག་གི་སྟོན་དུས་སློབ་འགོ་ཚུགས་ཤིང་། ཅང་ཤིས་དབན་ཨན་དང་། ཧོ་ནན་བློ་དབྱང་། བོད་ལྗོངས་མཚེའུ་གཉིས་སོགས་ས་ཆ་མང་པོར་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་ཐོན་ནས་སློབ་མར་ཚོགས་སྤྱིའི་རང་བཞིན་གྱི་ཟས་དུག་ཕོག་སྟེ་སློབ་མའི་གཟུགས་གཞི་བདེ་ཐང་ལ་གནོད་འཚེ་བཟོས་ཡོད། ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་ཨུ་ལྷན་གཞུང་ལས་ཁང་གིས་ཛ་དྲག་བརྡ་ཐོ་བཏང་ནས་ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་སློབ་གྲྭས་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞིའི་བཟའ་བཅའི་བདེ་འཇགས་ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱ་གཞིར་བཟུང་། འཕྲལ་མར་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་དང་། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་དོ་དམ་གཏན་འབེབས་དོན་འཁྱོལ་བྱེད་པ། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། འདི་ནི་གསར་འགོད་པར་ཚེས་7ཉིན་ཤེས་རྟོགས་བྱུང་བ་ཞིག་རེད།
     བརྡ་ཐོའི་ནང་ས་གནས་ཁག་གིས་བཟའ་བཅའི་བདེ་འཇགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱས་ཏེ། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་དང་ཟ་ཁང་གི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ལས་གནས་ཐོག་གི་མི་སྣས་ལག་ཁྱེར་ཁྱེར་ནས་ལས་གནས་ཐོག་ཞུགས་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཁུ་བ་བླུགས་སྣོད་དང་ཟས་སྣོད་སོགས་ལ་དུག་སེལ་བྱེད་པའི་ལས་དོན་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ། རིམ་པ་བཞིན་དམ་འཛིན་བྱེད་ཐུབ་པ་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་ཐུབ་པ་བཅས་བྱས་ཏེ་ཟས་དུག་ཕོག་པའི་དོན་རྐྱེན་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་དགེ་སློབ་ཀྱི་བདེ་ཐང་དང་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     བརྡ་ཐོའི་ནང་ས་གནས་ཁག་གི་སློབ་གསོའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཀྱི་ནང་དོན་གཙོ་བོར་བརྩིས་ནས། ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་དང་སློབ་གྲྭས་བདེ་འཇགས་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ལ་སྣང་ཆེན་མི་བྱེད་པ་དང་འབྲེལ་ཡོད་འགན་འཁྲི་ལག་བསྟར་མི་བྱེད་པའམ་ཡང་ན་འགན་འཁྲི་ལག་ལེན་ཤུགས་ཆེན་བསྟར་མ་ཐུབ་པའི་དབང་གིས་བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་བཟོས་པའམ་ཡང་ན་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་རིགས་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་དགོས་པ་དང་འགན་འཛོལ་ཉེས་གསོག་གི་གནས་ཚུལ་ཐོན་རིགས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།