འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་9ཉིན།

༄༅།།རང་རྒྱལ་གྱིས་རྒྱ་མཚོ་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐར་Cབདེ་བླག་ངང་འཕེན་གཏོང་བྱས་པ་དེས་གནོད་འགོག་གེགས་
སེལ་སོགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་09ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་དང་རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་9ཚེས་7ཉིན་གྱི་ཆུ་ཚོད་11དང་སྐར་མ་15ཡི་ཐོག་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པར་བརྟེན་ནས་རྒྱ་མཚོ་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐར་Cབདེ་བླག་ངང་འཕེན་གཏོང་བྱས་པ་རེད། སྲུང་སྐར་དེས་རང་རྒྱལ་གྱི་རྒྱ་མཚོའི་རྒྱང་ཚོར་ལག་རྩལ་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་རང་རྒྱལ་གྱིས་མཚོ་ངོས་ཀྱི་སྨུག་པའི་ཕན་ཚུན་གྱི་ནུས་པར་ཞིབ་འཇུག་དང་། གནོད་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་བ། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པ། མིའི་རིགས་ལ་ཐུན་མོང་ཐོག་འཕྲད་པའི་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བའི་གནད་དོན་ཐག་གཅོད་བྱེད་པ་སོགས་ཐད་དོན་སྙིང་གལ་ཆེན་ལྡན་ཞིང་། རང་རྒྱལ་གྱི་རང་བྱུང་ཐོན་ཁུངས་སྲུང་སྐར་སྐམ་ས་དང་མཚོ་ཁོངས་སུ་སྤྱི་འདོམས་འཕེལ་རྒྱས་གཏོང་བའི་དུས་རབས་གསར་པ་གཏོད་འགོ་བཙུགས་ནས་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་རམ་འདེགས་བྱ་རྒྱུ་རེད།
     རྒྱ་མཚོ་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐར་Cནི་རང་རྒྱལ་གྱི་རྒྱ་མཚོའི་ཆུ་མདོག་རིགས་ཀྱི་སྲུང་སྐར་གསུམ་པ་དེ་ཡིན་པ་དང་། རང་རྒྱལ་གྱི་དམངས་སྤྱོད་བར་མཐོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱིས་འཆར་འགོད་བྱས་པའི་རྒྱ་མཚོའི་ལས་སྒོའི་སྲུང་སྐར་ཐོག་མ་དེ་ཡིན་པ་རེད། སྲུང་སྐར་དེ་དང་དུས་སང་འཕེན་གཏོང་བྱེད་རྩིས་ཡོད་པའི་རྒྱ་མཚོ་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐར་Dགཉིས་རང་རྒྱལ་གྱི་རྒྱ་མཚོའི་དམངས་སྤྱོད་ལས་སྒོའི་སྲུང་སྐར་གྱི་སྐར་ཚོམ་ཐོག་མ་གྲུབ་ནས་སྔ་དགོང་གཉིས་འཕྲིན་དྲ་སྒྲིག་འཛུགས་ཀྱིས་ལྟ་དཔྱད་ཚད་འཇལ་བྱས་ཏེ། ཆུ་མདོག་རིགས་ཀྱི་སྲུང་སྐར་གོ་ལ་ཧྲིལ་པོར་ཁྱབ་ནུས་ཆེ་རུ་ཤུགས་ཆེན་འགྲོ་ཐུབ་པ་བྱ་རྒྱུ་རེད།
     རྒྱ་མཚོ་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐར་Aདང་Bགཉིས་དང་བསྡུར་ཚེ། སྲུང་སྐར་དེའི་ལྟ་དཔྱད་ཚད་འཇལ་གནད་ལ་འཁེལ་ཚད་དང་། ལྟ་དཔྱད་ཚད་འཇལ་གྱི་ཁྱབ་ཁོངས། སྤྱོད་ཚད་བཅས་ཚང་མ་མཐོ་རུ་ཤུགས་ཆེན་ཕྱིན་ཡོད།