འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་9ཉིན།

༄༅།།མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཐོག་མའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 12:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། 9ཚེས་5ཉིན། གསར་འགོད་པར་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་ཐོག་མའི་གྲུབ་འབྲས་སྙན་ཞུའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདས་ཟིན་པའི་ལོ་35ཡི་རིང་མཚོ་བོད་ས་མཐོའི་སྐྱེ་འཚར་དུས་ཚིགས་སུ་ཆ་སྙོམས་བྱས་ན་སྔོ་ཁེབས་ཀྱི་སྟོན་གྲངས་3.2%འཕར་བ་དང་། མཚོ་བོད་ས་མཐོའི་སྣོད་བཅུད་མ་ལག་སྤྱིར་ན་ཡག་པོ་ཡོད་མོད། འོན་ཏེ་ཁུལ་ཁོངས་ཀྱི་སྣོད་བཅུད་ཉེན་ཁར་སྣང་ཆུང་གཏན་ནས་བྱ་རྒྱུ་མེད་པ་རེད།
      ད་རེས་ཚན་རིག་རྟོག་ཞིབ་བྱས་པ་བརྒྱུད། མཚོ་བོད་ས་མཐོའི་དྲོད་བརླན་མཉམ་སྐྱེས་ཀྱི་སྣོད་བཅུད་མ་ལག་ལས་ས་མཐོའི་སྣོད་བཅུད་མ་ལག་གི་གྲུབ་ཆ་དང་ནུས་པར་འགྱུར་ལྡོག་ཆེན་པོ་བྱུང་བ་ཤེས་རྟོགས་ཐུབ་ཡོད། ཚན་རིག་རྟོག་ཞིབ་རུ་ཁག་གིས་འཕྲད་བཅད་རི་ཁུལ་ཏེ་མདོ་ལ་རིང་མོའི་ནགས་ཚལ་ཁྱབ་ཁུལ་བརྒྱུད་ཐང་ཤིང་དང་གསོམ་ནག་གི་སྡོང་ཐིག་དཔེ་གཞི་ཁུལ་གྱི་གཏན་འཇགས་ལྟ་ཞིབ་ཚད་ལེན་བྱ་ཡུལ་བཙུགས་ནས་འདས་ཟིན་པའི་ལོ་100རིང་གི་སྡོང་ཐིག་གནས་སྟངས་འགྱུར་ལྡོག་འགྲོ་ཚུལ་ལ་ཞིབ་དཔྱད་བྱས་པར། སྡོང་ཐིག་ཆ་སྙོམས་བྱས་ན་སྨི་29རིང་དུ་ཕྱིན་པ་དང་རིང་དུ་ཕྱིན་ཚད་མཐོ་ཤོས་སྨི་80ཟིན་པ་ཤེས་རྟོགས་བྱུང་ཡོད། རི་མཐོའི་སྡོང་ཐིག་རིང་དུ་ཕྱིན་པ་ལས་ནགས་ཚལ་གྱི་སྐྱེ་དངོས་གྲངས་འབོར་མང་དུ་ཕྱིན་མོད། འོན་ཀྱང་མཐོ་གྲང་གི་སྡོང་ཕྲན་ཏེ་ན་སྤང་ཆགས་ཡུལ་སྔར་བས་ཆུང་དུ་ཕྱིན་ལ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཁྱབ་སྟངས་ལའང་འགྱུར་བ་བྱུང་ནས་ས་བབ་མཐོ་སར་མ་གཏོགས་མེད་པའི་སྐྱེ་དངོས་ཀྱི་རིགས་མེད་པ་ཆགས་རྒྱུའི་ཉེན་ཁའང་འཕྲད་ཡོད།
     ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་གི་ཡོན་ཧྲི་ཡའོ་ཐེན་ཏུང་གིས་དུས་རབས་གོང་མའི་ལོ་རབས་བདུན་ཅུར་སྤེལ་བའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་དང་པོ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་ཤེས་རྟོགས་ཆེན་པོ་བྱས་པ་ཞིག་རེད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་ཁོར་ཡུག་ལ་འགྱུར་བ་བྱུང་རྐྱེན་གསལ་སྟོན་བྱ་རྒྱུ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་མ་ལག་ལེགས་སུ་གཏོང་རྒྱུ་དེ་ཚན་རིག་གི་དམིགས་ཚད་ཅིག་ཏུ་བརྩིས་པ་དང་། སྣེ་གསུམ་པའི་ས་ཁུལ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཁྱབ་ཁོངས་5ཚུད་པ། སྔོན་དཔག་བྱས་ན་དུས་ཡུན་ལོ་10འགོར་རྒྱུ་རེད། གོམ་སྟབས་རྗེས་མར་མཚོ་བོད་ཚན་རིག་རྟོག་ཞིབ་གྲངས་གཞི་མཉམ་སྤྱོད་ལས་སྟེགས་བསྐྲུན་པ་དང་མཚོ་བོད་ཚན་རིག་རྟོག་ཞིབ་སྤོ་སྒྱུར་གཞན་སྒྱུར་གྱི་རྒྱལ་སྤྱིའི་ལྟེ་གནས་དང་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ལག་རྩལ་གསར་གཏོད་མནའ་འབྲེལ་བཙུགས་ནས་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་དག་མགྱོགས་པོ་དང་ཕན་འབྲས་ཆེན་པོའི་སྒོ་ནས་སྤོ་སྒྱུར་གཞན་སྒྱུར་དང་ཐོན་ལས་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྩིས་ཡོད་ཅེས་བཤད་པ་རེད།