འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་9ཉིན།

༄༅།།རྗེ་བཙུན་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་དགོངས་པའི་བགྲོ་གླེང་ཚོགས་འདུ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་འགྲེམས་
སྟོན་མཚོ་སྔོན་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་ནང་བསྟན་ལས་རིགས་ཀྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ་ཕུལ་བྱུང་བོད་རིག་པ་མཁས་ཅན་རྗེ་བཙུན་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་དགོངས་པའི་བགྲོ་གླེང་ཚོགས་འདུ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་འགྲེམས་སྟོན་མཚོ་སྔོན་དུ་གཉེར་བ་རེད། ཚོགས་ཞུགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་རྗེ་བཙུན་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་རིག་གནས་བརྩོན་ཞིབ་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་སེར་སྐྱ་མང་ཚོགས་ཀྱིས་དུས་རབས་གསར་པ་དང་བསྟུན་རྒྱུར་ཁྲིད་སྟོན་བྱས་ཏེ་བོད་རིགས་ས་ཁུལ་གྱི་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་བརྗོད་པ་རེད།
     རྗེ་བཙུན་ཤེས་རབ་རྒྱ་མཚོ་1884ལོར་མཚོ་སྔོན་ཞིང་ཆེན་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་དུ་སྐུ་འཁྲུངས་པ་དང་། 1968ལོའི་ཟླ་11པར་སྐུ་གཤེགས་པ་རེད། ཁོང་ནི་རང་རྒྱལ་གྱི་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་ཞིག་ཡིན་པ་དང་། གཞོན་ནུ་ལོ་ཆུང་སྐབས་སུ་ཀན་སུའུ་བསང་ཆུ་ཡི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་དང་བོད་ལྗོངས་ལྷ་སའི་འབྲས་སྤུངས་དུ་ནང་བསྟན་སྦྱོང་བར་ཕེབས་པ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་གདན་ཞུས་ལྟར་བོད་ཡིག་གི་དཔེ་ཆ་དང་དཔེ་རྙིང་ལེགས་སྒྲིག་དང་ཞུས་དག་གི་ལས་ཀའི་འགན་བཞེས་པ་རེད།
      རྗེ་བཙུན་ཤེས་རབ་རྒྱ་མཚོ་ནི་བོད་ཀྱི་རིག་གནས་ཀྱི་ཕུལ་བྱུང་མཁས་དབང་ཞིག་ཡིན་པ་དང་། མིང་གོའི་སྐབས་སུ་ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་སོགས་མཐོ་སློབ་ཀྱི་བོད་ཀྱི་རིག་གནས་འཆད་ཁྲིད་དགེ་རྒན་གནང་ནས་རྒྱ་བོད་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་བ་དང་། ཚེ་མཇུག་ཏུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གནང་ནས་ཚོགས་པའི་སྣེ་ཁྲིད་དེ་ཕྱི་རྒྱལ་དུ་འཚམས་འདྲིར་ཐེངས་མང་ཕེབས་ནས་ལས་རིགས་ཁག་གིས་ཀྲུང་གོའི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཤེས་རྟོགས་དང་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་གནང་བ་རེད། ཁོང་ནི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་ཞིག་ཡིན་པ་དང་རི་འགོག་དམག་འཁྲུག་སྐབས་ཀན་སུའུ་དང་མཚོ་སྔོན་དུ་སེར་སྐྱ་མང་ཚོགས་མཐུན་སྒྲིལ་བྱས་ནས་རི་འགོག་བྱ་རྒྱུའི་སྐུལ་སློང་གནང་བ་དང་། བཅིངས་འགྲོལ་ཐོབ་རྗེས་སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་འཁུར་བ་དང་འབྲེལ་བོད་ཞི་བས་བཅིངས་འགྲོལ་གཏོང་ཆེད་སྐུ་ལས་ཆེན་པོ་བསྐྱོན་ཡོད་པ་རེད།
     ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་གྱིས་རྗེ་བཙུན་ཤེས་རབ་རྒྱ་མཚོར་དྲན་གསོ་ཞུ་བ་དེས་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་འཛིན་པའི་མོས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་འཛིན་པའི་མོས་སེམས། རླབས་ཆེན་མེས་རྒྱལ་ལ་འཛིན་པའི་མོས་སེམས། ཀྲུང་ཧྭ་རིག་གནས་ལ་འཛིན་པའི་མོས་སེམས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་འཛིན་པའི་མོས་སེམས་བཅས་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། རྗེ་བཙུན་ཤེས་རབ་རྒྱ་མཚོར་སློབ་སྦྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཆེད་དུ་ཞབས་འདེགས་ཞུ་བའི་རླབས་ཆེན་རྒྱང་སྐྱོད་ནང་ཞུགས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
     ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཐུན་ཚོགས་སུ་བཅའ་སྡོད་ཚོགས་གཙོ་གཞོན་པ་ཆོས་དཔོན་གཡན་ཅུའེ་ཡིས་རྗེ་བཙུན་ཤེས་རབ་རྒྱ་མཚོས་ནང་བསྟན་གྱི་དགེ་ཕྲུག་ཚོར“དངོས་ཡོད་ཁྲོད་ཀྱི་མི་ཡུལ་གྱི་བདེ་བ་ཅན་གྱི་ཞིང་ཁམས་གཏོད་རྒྱུར་འབད་འཐབ་བྱེད་དགོས་པའི”བླང་བྱ་བཏོན་གནང་བ་དང་། རྗེ་བཙུན་ཤེས་རབ་རྒྱ་མཚོར་དྲན་གསོ་བྱས་ཏེ་ནང་བསྟན་ལ་བརྩོན་ཞིབ་བྱས་ནས་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་པ་མ་ཟད་དེ་བས་རྒྱལ་གཅེས་ཆོས་གཅེས་བྱས་ཏེ་འདུལ་ཁྲིམས་བརྟན་པོ་སྲུང་དགོས་ཞེས་གསུངས་པ་རེད།