འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་8ཉིན།

༄༅།།ཕོ་ལན་དུ“བསྐྱར་དུ་དར་གོས་ལམ་བུ་རྙིང་པར་བསྐྱོད། མཉམ་གཏོང་གླུ་གཞས་ཆེན་པོ་ལེན”ཞེས་པའི་དམིགས་
བསལ་བྱེད་སྒོ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 12:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་སོགས་ཚན་པས་གཙོ་གཉེར་བྱས་པའི“བསྐྱར་དུ་དར་གོས་ལམ་བུ་རྙིང་པར་བསྐྱོད། མཉམ་གཏོང་གླུ་གཞས་ཆེན་པོ་ལེན”ཞེས་པའི་དམིགས་བསལ་བྱེད་སྒོ་ཕོ་ལན་གྱི་ལྷོ་རྒྱུད་གྲོང་རྡལ་ཁེ་ལི་ཉི་ཚ་ཡི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཐོག་སྤེལ་བ་རེད། ཧོ་ནན་དང་། ནང་སོག ཧྥུའུ་ཅན། སི་ཁྲོན་བཅས་ཞིང་ཆེན(རང་སྐྱོང་ལྗོངས)4ཡི་གྲོང་ཁྱེར་དང་རྫོང་10ནས་ཡོང་བའི་ས་གནས་ཀྱི་དཔོན་རིགས་དང་། འཛམ་གླིང་གི་རྒྱལ་ཁབ་མང་པོའི་དཔལ་འབྱོར་རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་བཅས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སོགས་ཀྱི་གྲོས་གཞིར་གླེང་མོལ་བྱས་པ་རེད།
    དེ་ཉིན་ཡོ་རོབ་དབུས་ཤར་གྱི་དཔལ་འབྱོར་གླེང་སྟེགས་གལ་ཆེན་གྱི་གྲས་ཤིག་དང“ཡོ་རོབ་ཤར་མའི་ཏ་ཝོ་སི”ཞེས་བརྗོད་པའི་སྐབས་28པའི་ཁེ་ལི་ཉི་ཚའི་དཔལ་འབྱོར་གླེང་སྟེགས་འགོ་ཚུགས་པ་དང་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་ཡོང་བའི་འཐུས་མི་4000ལྷག་ཙམ་གླེང་སྟེགས་བྱེད་སྒོར་ཞུགས་པ་རེད། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་གླེང་སྟེགས་དེའི་སྒྲོམ་གཞིའི་ནང“བསྐྱར་དུ་དར་གོས་ལམ་བུ་རྙིང་པར་བསྐྱོད། མཉམ་གཏོང་གླུ་གཞས་ཆེན་པོ་ལེན”ཞེས་པའི་དམིགས་བསལ་བྱེད་སྒོ—“ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྲོང་ཁྱེར་གྱི་མཉམ་ལས་གླེང་སྟེགས”གཉེར་བ་དང་དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་གྲོང་ཁྱེར་དབར་གྱི་སྤེལ་རེས་ལས་སྟེགས་བསྐྲུན་པ་དང་ཕྱོགས་གཉིས་དང་ཕྱོགས་མང་ཟུང་འབྲེལ་དང་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་ཕན་ཚུན་སྤེལ་རེས་ཀྱི་བྱ་ཐབས་བརྒྱུད་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཛའ་གྲོགས་སྤེལ་རེས་དང་གཉིས་ཕན་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།