འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་8ཉིན།

༄༅།།མི་སྤྱི་པུས་དབུལ་སྐྱོར་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་བཀྲམ་པ། 

2020ལོར་མི་འབོར་དབུལ་པོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 12:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། མི་སྤྱི་པུས《མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་གྱི་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་》(གཤམ་ལ་《ཇུས་གཞི་》ཞེས་བསྡུ་རྒྱུ)བཀྲམ་པ་དང་《ཇུས་གཞིའི་》ནང་2020ལོར་སླེབས་སྐབས་མི་འབོར་དབུལ་པོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་རྒྱུ་དང་དཀའ་ངལ་ཡོད་པའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞི་ཁྱོན་ཆེ་རུ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་དཀའ་ངལ་ཡོད་པའི་ངལ་རྩོལ་ནུས་ཤུགས་ཁྲི་100ཡི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་མི་འབོར་དབུལ་པོ་ཁྲི་300དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པ་བཏོན་པ་རེད།
     དོན་དེར་དམིགས་ནས་《ཇུས་གཞིའི་》ནང་བྱ་ཐབས་ལྔ་བཏོན་ཞིང་། གཅིག་ནས་ལས་ཞུགས་དབུལ་སྐྱོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ལས་ཞུགས་ཞབས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། དབུལ་སྐྱོར་འཁོར་ཁང་འཕེལ་རྒྱས་གཏོང་རོགས་བྱེད་པ། ལས་ཞུགས་བསྡུ་ལེན་དང་། ཕ་ཡུལ་དུ་ལོག་པའམ་ཡང་ན་ཤང་དུ་ལས་གཏོད་བྱས་ཏེ་ལས་ཞུགས་སྣེ་ཁྲིད་ལ་ལྕག་སྐུལ་བྱེད་པ། དབུལ་སྐྱོར་ངལ་ལས་མཐུན་སྦྱོར་ཟབ་ཏུ་གཏོང་བ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཐ་སྐྱོང་བཀོད་སྒྲིག་གསར་སྤེལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། དཀའ་ངལ་ཡོད་པའི་ངལ་ནུས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། དཀའ་ངལ་ཡོད་པའི་ངལ་ནུས་བསྡུ་བའི་མི་སྤྱོད་ཚན་པར་དམིགས་ཏེ་ལས་ཀར་བརྟེན་ནས་གསོ་སྦྱོང་བྱེད་པར་ལས་རིགས་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་སྤྲོད་པ་དང་ཁེ་ལས་ཡིན་ཚེ་གཏན་འབེབས་གཞིར་བཟུང་གྲངས་འབོར་ངེས་ཅན་གྱི་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་སྤྲོད་པ། ལས་ཞུགས་ཀྱི་ཕན་འབྲས་བཟང་པོ་ཐོན་པའི་ལས་ཞུགས་དབུལ་སྐྱོར་རྟེན་གཞིར་ཐེངས་གཅིག་རང་བཞིན་དུ་མ་དངུལ་གྱི་བྱ་དགའ་སྤྲོད་པ་དང་།
      གཉིས་ནས་རྩལ་ནུས་དབུལ་སྐྱོར་ལ་མུ་མཐུད་སྐུལ་འདེད་གཏོང་བ། 《ཇུས་གཞིའི་》ནང་རྩལ་ནུས་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པའི་ཆེད་དོན་བྱ་སྤྱོད་དང་རྩལ་ནུས་དབུལ་སྒྲོལ་གྱི་སློབ་གྲྭ་སྟོང་གི་བྱ་སྤྱོད་ལག་བསྟར་བྱས་པ་བརྒྱུད། 2020ལོར་སླེབས་སྐབས་ལས་རིགས་གསོ་སྦྱོང་གི་དགོས་མཁོ་ཡོད་པའི་ངལ་ནུས་དབུལ་པོར་ལས་རིགས་གསོ་སྦྱོང་དང་ལེན་གྱི་གོ་སྐབས་ལྡན་པ་དང་དཀའ་ངལ་ཡོད་པའི་ངལ་ནུས་མི་ཐེངས་ཁྲི་300ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་དང་། ལག་རྩལ་བཟོ་ལས་སློབ་གླིང་དུ་སློབ་སྦྱོང་བྱེད་འདོད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་དུས་འདི་རང་དང་སློབ་དུས་གོང་མའི་སློབ་མ་ཚང་མར་ལག་རྩལ་བཟོ་ལས་སློབ་གསོ་དང་ལེན་ཐུབ་པ་དང་ལག་རྩལ་བཟོ་ལས་སློབ་གླིང་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ཉུང་མཐར་ཡང་ཁྲི་12བསྡུ་རྒྱུ་ཡིན་པ།
     གསུམ་ནས་སྤྱི་ཚོགས་འགན་བཅོལ་གྱི་དབུལ་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མི་འབོར་དབུལ་པོར་སྤྱི་ཚོགས་འགན་བཅོལ་བྱེད་དགོས་རིགས་ལ་གང་ཐུབ་ཀྱིས་འགན་བཅོལ་བྱ་ཆེད། འགུལ་སྐྱོད་སྟབས་བདེ་མེད་པའི་མི་འབོར་དབུལ་པོར་ཁྱིམ་དུ་ཞབས་འདེགས་ཞུ་བ་དང་འབྲེལ་ཆ་རྐྱེན་འཛོམས་པའི་གྲོང་གསེབ་ཀྱི་སྨན་པ་གཏན་འབེབས་གཞིར་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལ་ཞུགས་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་རྒྱུ་ཡིན་པ།
     བཞི་ནས་མི་དོན་གྱི་ཤེས་ལྡན་མི་སྣའི་དབུལ་སྐྱོར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། 《ཇུས་གཞི་》གཞིར་བཟུང་ཤེས་ལྡན་མི་སྣ་ཁག་ས་ཁུལ་དབུལ་པོར་བསྐྱོད་རྒྱུའི་ཁྲིད་སྟོན་བྱ་ཆེད། ས་ཁུལ་དབུལ་པོའི་རྫོང་དང་ཤང་གི་བྱ་གཞག་ཚན་པས་ཡོངས་བསྒྲགས་ལས་བསྡུའི་ཁྲོད་ལོ་ན་དང་། སློབ་རྒྱུས། ཆེད་ལས་བཅས་ཀྱི་བླང་བྱ་དམའ་རུ་བཏང་ནས་ལས་གནས་ངེས་ཅན་ཞིག་ས་གནས་དེ་གའི་ཐེམ་ཐོ་ཡོད་པའམ་ཡང་ན་སྐྱེ་ཁུངས་དེ་ནས་ཡིན་པའི་སློབ་མར་སྤྲོད་ཆོག་པ་དང་གཅིག་གྱུར་གྱི་ཡིག་རྒྱུགས་ལ་བརྟེན་ནས་ལས་ཀའི་དགོས་མཁོ་གཞིར་བཟུང་ཡིག་རྒྱུགས་གཏོང་བའི་བསྡུར་ཚད་འོས་འཚམ་ངང་དམའ་རུ་གཏོང་བའམ་ཡང་ན་ཡིག་རྒྱུགས་ཀྱི་བསྡུར་ཚད་བཀོད་སྒྲིག་མི་བྱེད་པར་ཡིག་རྒྱུགས་ཀྱི་ཚད་ལོན་སྐར་གྲངས་བཟོ་ཆོག་པ། དགོས་གལ་ཆེ་བའི་ཆེད་ལས་ཤེས་ལྡན་མི་སྣ་ཡིན་ཚེ་དངོས་ཡོད་གནས་ཚུལ་གཞིར་བཟུང་ཐད་ཀར་རྟོག་ཞིབ་བྱས་ཏེ་ལས་བསྡུ་བྱེད་ཆོག
     ལྔ་ནས་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཤིན་ཏུ་དབུལ་པོའི་ས་ཁུལ་ལ་ལས་ཞུགས་ཀྱི་ཁ་གསབ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་དབུལ་སྐྱོར་གྱི་ལས་འགན་དེ་ལས་ཞུགས་རོགས་སྐྱོར་མ་དངུལ་ཁག་བགོས་རྒྱུ་རྐྱེན་ནང་འཇུག་རྒྱུ་ཡིན་པ་བཅས་རེད།