འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་7ཉིན།

༄༅།།རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་APSOSམ་ལག་གིས་བོད་ཀྱི་རླུང་ཁམས་ཆེ་མོའི་ལྟ་ཞིབ་ཚད་
ལེན་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི“རླབས་རིམ་དང་རླབས་ཚད་མང་བའི་རླུང་ཁམས་ཆེ་མོའི་གྲུབ་ཆའི་རང་འགུལ་དང་གཞན་སྐུལ་ལྟ་ཞིབ་ཚད་ལེན་མ་ལག”(གཤམ་ལ་APSOSཞེས་བསྡུ་རྒྱུ) ཉེ་ཆར། ཞིབ་བཤེར་རྩིས་ལེན་བྱས་པ་དང་འབྲེལ། ས་བབ་མཐོ་ཚད་སྨི་4300ཡི་བོད་ལྗོངས་ཡངས་པ་ཅན་དུ་སྒྲིག་སྦྱོར་བྱས་ནས། མཚོ་བོད་ས་མཐོའི་རླུང་ཁམས་ཆེ་མོའི་ཚན་རིག་ཞིབ་འཇུག་སྔར་བས་སྤེལ་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་པ་རེད།
     “མ་ལག་དེས་ས་ངོས་ནས་མཐོ་ཚད་སྟོང་སྨི་110ཡི་དྲང་འཕྱང་རླུང་ཁམས་ཆེ་མོའི་བང་རིམ་ལ་བསྟུད་མར་ལྟ་ཞིབ་ཚད་ལེན་བྱེད་ཀྱི་རེད”ཅེས་APSOSརྣམ་གྲངས་ཀྱི་འགན་འཁུར་བ་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ལུའེ་ཏ་རེན་གྱིས་བཤད། ཁོང་གིས་ད་ཡོད་ཀྱི་སྲུང་སྐར་ལྟ་ཞིབ་ཚད་ལེན་དང་ས་ངོས་སྦྲེལ་ཚུགས་དྲ་བའི་ལྟ་ཞིབ་ཚད་ལེན་ཐད་ལ་སྔར་བཞིན་མི་འདང་བའི་ཆ་ཡོད་པས། མིའི་རིགས་ཀྱིས་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྔོན་བརྡ་དང་། སྔོན་དཔག ཚོད་དཔག་བཅས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས་ན། དྲང་འཕྱང་གི་ཁ་ཕྱོགས་ཐད་རླུང་ཁམས་ཆེ་མོའི་བང་རིམ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོ་ནས་ཡུན་རིང་ལྟ་ཞིབ་ཚད་ལེན་བྱེད་པའི་དཔྱད་གཞི་ཆ་ཚང་པོ་ཞིག་ཐོབ་ཐབས་བྱེད་དགོས་ཞེས་བཤད།
      “མཚོ་བོད་ས་མཐོ་འདེམས་དགོས་དོན་ནི་མཚོ་བོད་ས་མཐོས་ས་ཁོངས་དང་། གོ་ལ་ཧྲིལ་པོའི་གནམ་གཤིས། ཁོར་ཡུག་གི་འགྱུར་ལྡོག་བཅས་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད། སྲུང་སྐར་གྱིས་ལྟ་ཞིབ་ཚད་ལེན་བྱས་ནས་མངོན་པར། དབྱར་དུས་མཚོ་བོད་ས་མཐོའི་མཁའ་དབྱིངས་སུ་དྲི་ངན་དབྱང་རླུང་ཉུང་བ་མ་ཟད། གྲངས་ཚད་ཀྱི་མ་དཔེ་ལས་མངོན་པར། དབྱར་དུས་སུ་མཚོ་བོད་ས་མཐོ་ནི་ས་ངོས་ཀྱི་ཆུ་རླངས་དང་སྦགས་བཙོག་དངོས་པོ་གོ་ལ་ཧྲིལ་པོའི་སྙོམས་རྒྱུག་བང་རིམ་གྱི་རླུང་ཁམས་ཆེ་མོར་འབུད་གཏོང་བྱེད་པའི་འགྲོ་ལམ་གཙོ་བོ་དེ་ཡིན། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་མིའི་རིགས་ཀྱི་བྱེད་སྒོ་ལས་ཐོན་པའི་རླུང་ཁམས་ཆེ་མོའི་སྦགས་བཙོག་དངོས་པོ་དེ། རླུང་ཁམས་ཆེ་མོའི་རྒྱུག་རེས་དང་གཏད་རྒྱུག(ས་དབྱིབས)བརྒྱུད། མཚོ་བོད་ས་མཐོར་ཁྱབ་པ་དང་འབྲེལ་གོང་རིམ་གྱི་རླུང་ཁམས་ཆེ་མོར་ཁྱབ་ནས་གཞི་ཁྱོན་དེ་བས་ཆེ་བའི་ནང་རླུང་ཁམས་ཆེ་མོར་ཤུགས་རྐྱེན་གལ་ཆེན་ཞིག་ཐེབས་ཀྱི་ཡོད”ཅེས་ལུའེ་ཏ་རེན་གྱིས་བཤད།
     ངོ་སྤྲོད་བྱས་པར་གཞིགས་ན། APSOSམ་ལག་ནི་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱིས་ཐོག་མར་རོགས་དངུལ་བཏང་བའི་རྒྱལ་ཁབ་ཀྱི་ཚན་ཞིབ་གལ་ཆེན་གྱི་སྒྲིག་བཀོད་ཞིབ་བཟོའི་ཆེད་དོན་རྣམ་གྲངས་གྲས་ཤིག་རེད། ཀྲུང་གོ་ཚན་རིག་ཁང་རླུང་ཁམས་ཆེ་མོའི་དངོས་ཁམས་ཞིབ་འཇུག་སུའོ་ཡིས། རྒྱལ་ནང་གི་ཚན་ཞིབ་ཚན་པ་6དང་མཉམ་དུ་རང་བརྟེན་ཞིབ་བཟོ་བྱས་པ་ཞིག་ཡིན་ལ། རྣམ་གྲངས་དེ་2012ལོར་འགོ་ཚུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་9300ལྷག་ཙམ་བཏང་བ་རེད།