འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་7ཉིན།

༄༅།།ཐུན་མོང་གི་འཕེལ་རྒྱས་དོན་གཉེར་ལས་ཀྲུང་ཧྥེ་དང་ཀྲུང་ཙན་དམ་དུ་འབྲེལ་བ། 

—— ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅེར་བཅར་འདྲི་ཞུས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། “ཀྲུང་གོ་དང་ཙན་པི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་སྔར་ནས་བཟུང་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ་ལོ་རྒྱུས་ལས་ར་འཕྲོད་བྱུང་ཡོད། གལ་ཏེ་དེ་སྔ་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། དེ་བཞིན་མི་རིགས་བཅིངས་འགྲོལ་མངོན་འགྱུར་བྱུང་བ་ལས་ཀྲུང་ཧྥེ་དང་ཀྲུང་ཙན་མཐུན་སྒྲིལ་བྱུང་ཡོད་ཅེས་བརྗོད་ན། དེང་གི་ཆར་ཐུན་མོང་གི་འཕེལ་རྒྱས་དོན་གཉེར་ལས་ཚང་མ་དམ་དུ་འབྲེལ་ཡོད”ཅེས་ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་མ་འཚོག་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་གསུངས།
     ལི་ཅེས་ཀྲུང་ཙན་རྒྱལ་ཁབ་གཉིས་པོའི་མི་རབས་མང་པོའི་འགོ་ཁྲིད་མི་སྣས་འབྲེལ་གཏུག་སྤེལ་རེས་བྱས་པ་བརྒྱུད་ཕྱོགས་གཉིས་པོའི་དབར་དུས་དང་རྣམ་པ་ཀུན་ཏུ་གནས་པའི་མཛའ་གྲོགས་ལ་སྐུལ་འདེད་བཏང་ཡོད། ད་ཕན་ལོ་ཤས་རིང་། ཀྲུང་ཧྥེ་དང་ཀྲུང་ཙན་གྱི་འཕེལ་རྒྱས་འཐབ་ཇུས་ཀྱིས་ཕུགས་ལ་དམིགས་པ་དང་། དངོས་སྒྲུབ་མཉམ་ལས་ཀྱིས་མིག་སྔར་ཁ་གཏད་གཅོག་པ། ལམ་སྲོལ་ལེ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་ནས་དུས་བསྟུན་མདུན་སྐྱོད་ཀྱི་མཉམ་ལས་འདུ་ཤེས་ཤིག་ཆགས་ཡོད་ཅེས་གསུངས།
    ལི་ཅེས་ཙན་པི་ཡས་མིག་སྔར་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་བདུན་པ་དེ་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་དེ་ཉིད་2030ལོའི་སྔོན་དུ་ཡོང་འབབ་འབྲིང་ཙམ་གྱི་རྒྱལ་ཁབ་ཏུ་འགྱུར་རྒྱུའི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་དམིགས་ཚད་ཧུར་ཐག་འགྲུབ་བཞིན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དུས་རབས་གསར་པར་སླེབས་པས་ཀྲུང་གོའི་མི་དམངས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་འགྲུབ་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད། འཕེལ་རྒྱས་ཀྱི་འགན་འཁྲི་གཅིག་པ་དང་། འཕེལ་རྒྱས་ཀྱི་རེ་འབོད་གཅིག་མཚུངས། ཐུན་མོང་གི་འཐབ་ཇུས་ཁེ་ཕན་བཅས་ལས་ཀྲུང་གོ་དང་ཙན་པི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དམ་དུ་འབྲེལ་ཏེ་ལྷག་བསམ་ཟོལ་མེད་དང་། ཕན་ཚུན་བརྩི་འཇོག འདྲ་མཉམ་གཉིས་ཕན། མཐུན་སྒྲིལ་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་གྲོགས་པོ་བཟང་པོ་དང་། སྤུན་ཟླ་བཟང་པོ། རོགས་ཟླ་བཟང་པོ་བཅས་སུ་གྱུར་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
     དེ་དང་ཆབས་ཅིག དཔལ་འབྱོར་ཚོང་དོན་འགྲོ་འོང་དེ་ཉིད་མིག་སྔར་དུས་རབས་གསར་པའི་ཀྲུང་ཧྥེ་དང་ཀྲུང་ཙན་འབྲེལ་བ་འཕེལ་རྒྱས་ཀྱི“རྟེན་ས”ཞིག་ཏུ་གྱུར་ཡོད། ཙན་པི་ཡར་ཆ་བཞག་ན། ཀྲུང་གོའི་ཁེ་ལས་སྟོང་ལ་ཉེ་བས་ཙན་པི་ཡར་མ་འཇོག་ལས་དར་བྱས་པར་མ་འཇོག་བསྡོམས་འབོར་ཁྱོན་ཨ་སྒོར་དུང་ཕྱུར་40ལྷག་ཟིན་གྱི་ཡོད། ཀྲུང་ཙན་གྱི་དངོས་སྒྲུབ་མཉམ་ལས་ཀྱི་ཟབ་ཚད་དང་ཁྱབ་རྒྱ་ཆེ་ཚད་ལ་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད་ལ་དེར་ཙན་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་མེད་དུ་མི་རུང་བའི་ནུས་པའང་ལྡན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཙན་པི་ཡར་ལས་ཞུགས་ལས་གནས་ཁྲི་5ལྷག་ཙམ་བཏོད་པ་དང་ཙན་པི་ཡའི་ལས་མི་སྟོང་ཕྲག་ཁ་ཤས་ལ་གསོ་སྦྱོང་བྱས་ཏེ་ཁོང་ཚོར་རྒྱུན་མཁོའི་ལག་རྩལ་བསླབས་པས་ཙན་པི་ཡའི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་ལ་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད།
     ལི་ཅེས་མིག་སྔའི་ཀྲུང་ཙན་གྱི་དངོས་སྒྲུབ་མཉམ་ལས་གཙོ་བོ་རྣམ་གྲངས་འགན་གཙང་ལེན་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་བཞག་ཡོད། སླད་ཕྱིན་གྱི་ལོ་བཅུ་དང་ཉི་ཤུའི་རིང་ཙན་པི་ཡར་བཟོ་ལས་ཅན་མངོན་འགྱུར་བྱེད་རོགས་བྱེད་པའི་ཐད་མཉམ་ལས་འདི་རིགས་སྔར་བས་མང་དུ་འགྲོ་རྒྱུ་རེད། བཟོ་ལས་གླིང་འཛུགས་སྐྲུན་གཉེར་སྐྱོང་དང་། ལས་སྣོན་བཟོ་སྐྲུན་ལས་རིགས་གཞན་སྒྱུར། དངུལ་རྩའི་ཞབས་ཞུ་སོགས་འཕར་ས་གསར་པ་ཞིག་ཏུ་འགྱུར་རེ་ཡོད་ཅེས་གསུངས།
     ལི་ཅེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ནི་ཀྲུང་ཧྥེའི་མཛའ་གྲོགས་ཁྱིམ་ཚང་ཆེ་མོའི་མཉམ་འཛོམས་ཆེ་མོ་གཞན་ཞིག་རེད་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ཚོགས་འདུ་གཟབ་རྒྱས་གཞན་ཞིག་ཀྱང་རེད། ཙན་པི་ཡའི་ཙུང་ཐུང་ལུན་ཀུའུ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མང་ཆེ་བ་དང་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འཐུས་མི་པེ་ཅིང་དུ་ལྷན་འཛོམས་བྱས་ཏེ་མཛའ་གྲོགས་གླེང་བ་དང་། མཉམ་ལས་ལ་གྲོས་བསྡུར། འབྱུང་འགྱུར་ལྷུག་གླེང་བཅས་བྱས་ནས“རྒྱུད་གཅིག་ལམ་གཅིག”དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་སྦྲེལ་མཐུད་ཀྱི་སྙན་དབྱངས་གསར་པ་ཞིག་རྩོམ་རྒྱུ་རེད་ཅེས་གསུངས།