འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་6ཉིན།

༄༅།།མཚོ་སྔོན་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་བྱེད་པས་འགན་འཁྲི་མ་ཁུར་བ་དང་འགན་འཁྲི་མ་བསྒྲུབས་པའི་རྐྱེན་གྱིས་འགན་འཁྲི་རྩད་གཅོད་
བྱས་པའི་དཔེ་མཚོན་གྱོད་དཔེ་ཁག་3བརྡ་ཁྱབ་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་05ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ལས་དོན་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ལས་བྱེད་མི་སྣས་ལས་དོན་སྤེལ་རིང་ལས་འགན་ཡག་པོ་མ་བསྒྲུབས་པ་དང་། འགག་སྒོ་ནན་པོ་མ་བསྲུངས་པ། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་མ་འདང་བ་བཅས་ཀྱིས་དབུལ་སྐྱོར་གྱི་མ་དངུལ་འཕྲོ་བརླག་བཏང་བའམ་ཡང་ན་གཡོ་ལེན་བྱས་མཐར་འགན་འཁྲི་རྩད་གཅོད་བྱས་པའི་དཔེ་མཚོན་གྱོད་དཔེ་ཁག་3བརྡ་ཁྱབ་བཏང་བ་རེད།
     མཚོ་ཤར་གྲོང་ཁྱེར་དུས་བདེ་ཆུས་ཞིང་འབྲོག་ཅུས་ཀྱི་ཞིང་འཕྲུལ་དོ་དམ་ས་ཚིགས་ཀྱི་དེ་སྔའི་ཀྲེན་ཀྲང་ཝང་ཡུས་ཧའེ་ཡི་འགན་འཛོལ་འགན་ཤོར་གྱི་གནད་དོན་སྟེ། 2013ལོ་ནས་2014ལོ་བར་ཝང་ཡུས་ཧའེ་ཡིས་དུས་བདེ་ཆུས་ཞིང་འབྲོག་ཅུས་ཀྱི་ཞིང་འཕྲུལ་དོ་དམ་ས་ཚིགས་ཀྱི་ཀྲེན་ཀྲང་གི་འགན་འཁུར་རིང་། ཞིང་འཕྲུལ་གྱི་ཁ་གསབ་རོགས་དངུལ་རྣམ་གྲངས་ཀྱི་རེ་ཞུར་བདེན་མིན་ཞིབ་དཔྱད་མ་བྱས་པ་དང་ཞིང་འཕྲུལ་ཡོ་བྱད་ཉོ་ཚོང་གི་གྲོས་མཐུན་ལ་ཞིབ་བཤེར་མ་བྱས་པར། སྒྲིག་དང་འགལ་ནས་གོང་ཞུ་བྱས་ཏེ་ཞིང་འཕྲུལ་གྱི་ཁ་གསབ་རོགས་དངུལ་གྱི་ཐོབ་ཐང་མེད་པའི་ཁེ་ལས་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་292.95སྤྲད་པ་རེད། 2018ལོའི་ཟླ་3པར་ཝང་ཡུས་ཧའེ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ལས་ཕྱིར་འབུད་གཏོང་བའི་ཆད་པ་བཅད་པ་དང་། ལས་ཐོག་ཉེས་གསོག་གི་དོགས་པ་ཡོད་པའི་གནད་དོན་ཁྲིམས་འཛིན་ལས་ཁུངས་སུ་ཁྲིམས་བཞིན་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་པ་རེད།
     མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ཧུའུ་ཧུང་མའེ་སོགས་ཀྱིས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་མ་འདང་བའི་གནད་དོན་སྟེ། 2012ལོར་གོར་མོ་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱིས་ལོ་འཁོར་གྱི་ཞིང་ཁུལ་དུ་གཞི་ཁྱོན་ཆེ་བའི་གསོ་སྤེལ་ར་བ་འཛུགས་པའི་རྣམ་གྲངས་དང་། ཞིང་ཆེན་དེའི་བཤས་ལུག་ཚད་ལྡན་ཅན་གྱི་གསོ་སྤེལ་ར་བའི་རྣམ་གྲངས་གོར་མོ་བདེ་སྐྱིད་སྣོད་བཅུད་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་ལ་ལག་བསྟར་བྱེད་རྒྱུར་སྤྲད་པ་རེད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་མཉམ་ལས་ཁང་གི་ཁྲིམས་མི་སུའུ་བདེ་སྐྱིད་སྒྲོལ་མས་རྣམ་གྲངས་ཀྱི་འོས་སྐུལ་འོས་དཔོད་མ་བརྒྱུད་པ་དང་། སྒྲིག་དང་འགལ་ནས་རང་དགར་འཛུགས་སྐྲུན་བྱས་པ་དང་འབྲེལ་འཛུགས་སྐྲུན་ལས་གྲྭའི་ཨར་སྐྲུན་གན་རྒྱ་སོགས་ཀྱི་དཔྱད་གཞི་རྫུས་མ་བཟོས་ནས་རྣམ་གྲངས་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་ཐབས་བྱས་པ་རེད། 2018ལོའི་ཟླ་6པར་སྐབས་དེ་དུས་ཀྱི་གོར་མོ་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧུའུ་ཧུང་མའེ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། སྐབས་དེ་དུས་ཀྱི་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ལི་ཡུས་ཅུན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།
     ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་གྲོང་གསེབ་མཉམ་ལས་དཔལ་འབྱོར་གཉེར་སྐྱོང་དོ་དམ་ས་ཚིགས་ཀྱི་དེ་སྔའི་ཀྲེན་ཀྲང་ཏུང་ཝང་ཕུས་ཞིང་ཆེན་རིམ་པའི་དཔེ་སྟོན་ཁང་ཞིབ་དཔྱད་གཏན་འཁེལ་བྱེད་རིང་ཞིབ་དཔྱད་འགག་སྒོ་ནན་པོ་མ་བསྲུངས་པའི་གནད་དོན་སྟེ། 2013ལོར་ཏུང་ཝང་ཕུས་ཙོང་ཁ་རྫོང་གི་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་གཉེར་སྐྱོང་དོ་དམ་ས་ཚིགས་ཀྱི་ཀྲེན་ཀྲང་བྱེད་རིང་། ཞིང་ཆེན་རིམ་པའི་དཔེ་སྟོན་ཁང་ཞིབ་དཔྱད་གཏན་འཁེལ་གྱི་ཐོབ་ཐང་མེད་པའི་ཙོང་ཁ་ཧྥང་ཧྲེང་ཞིང་འཕྲུལ་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང་འབྲེལ་ཡོད་སྡེ་ཚན་ལ་རེ་ཞུ་བྱས་པ་རེད། ལོ་དེར་མཉམ་ལས་ཁང་དེ་2013ལོའི་ཞིང་ཆེན་རིམ་པའི་དཔེ་སྟོན་ཁང་དུ་བདམས་པ་དང་། 2014ལོར་མཉམ་ལས་ཁང་དེའི་ཁྲིམས་མིའི་འཐུས་མི་ཝང་ཁའོ་ཁྲེང་གིས་མི་སྒེར་དང་གཞན་གྱིས་ཞིང་འཕྲུལ་ཉོས་པའི་སྤ་སེ་སྤྱད་དེ་ཞིང་ཆེན་རིམ་པའི་དཔེ་སྟོན་ཁང་གི་རྒྱལ་ཁབ་ཀྱི་ཆེད་དོན་རྒྱབ་སྐྱོར་མ་དངུལ་སྒོར་ཁྲི་45གཡོ་ལེན་བྱས་པ་རེད། 2018ལོའི་ཟླ་7པར་ཏུང་ཝང་ཕུའུ་ལ་ཏང་ནང་བཞག་ནས་ལོ་གཅིག་ལྟ་ཞིབ་བྱེད་པ་དང་སྲིད་དོན་རིམ་པ་གཅོག་པའི་ཆད་པ་བཅད་པ་དང་། ཝང་ཁའོ་ཁྲེང་གི་ཉེས་གསོག་གི་དོགས་པ་ཡོད་པའི་གནད་དོན་ཁྲིམས་འཛིན་ལས་ཁུངས་སུ་ཁྲིམས་བཞིན་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་པ་བཅས་རེད།