འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་5ཉིན།

༄༅།།མཚོ་སྔོན་གྱི་རྨ་ལྷོའི་ཐང་ག“མངོན་མིན་རིག་གནས་ཤུལ་བཞག”གི་ཕྱུག་འགྱུར་ཐབས་མཆོག 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་05ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ལྷ་འབྲི་བ་ལྷ་ཆེན་རྒྱལ་གྱི་ཁྱིམ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་ཐོ་ཀྱ་གྲོང་རྡལ་ཁ་རྒྱ་གྲོང་ཚོར་ཡོད། ཁོང་དང་། གཅེན་པོ། ཞང་པོ་བཅས་ཀྱིས་ཐང་ག་བཞེངས་ནས་འཚོ་ཐབས་བྱེད་ཀྱི་ཡོད་པ་དང་། དུད་ཁྱིམ་གང་པོའི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་བཅུ་ཕྲག་ཟིན་གྱི་ཡོད་པས། ལོ་ཤས་གོང་ནས་བོད་བཟོའི་སྡོད་ཁང་རྫིག་པོ་ཞིག་བརྒྱབ་པ་དང་མོ་ཊ་ཡང་ཉོས་པ་རེད།
     རེབ་གོང་རྫོང་ནི་ཐང་གའི་ཕ་ས་སྐད་གྲགས་ཅན་ཞིག་རེད། དེ་གའི་སེང་གེ་གཤོང་དང་། སྒོ་དམར། གཉན་ཐོག་སོགས་གྲོང་ཚོའི་དུད་ཚང་90%ཡན་གྱིས་ཐང་ག་བཞེངས་ནས“མངོན་མིན་རིག་གནས་ཤུལ་བཞག”རྒྱུན་འཛིན་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་ཀྱི་ཡོད།
     ཉེ་བའི་ལོ་ཤས་རིང་། ཡུལ་དེ་གའི་སྲིད་གཞུང་གིས་རེབ་གོང་སྒྱུ་རྩལ་ཞིབ་འཇུག་ཁང་བཙུགས་ནས། ཐང་ག་བཞེང་རྩལ་འགྲན་བསྡུར་ཆེན་པོ་དང་། རེབ་གོང་སྒྱུ་རྩལ་དུས་ཆེན། རྒྱལ་སྤྱིའི་མདའ་འཕེན་གདན་ཞུ་འགྲན་བསྡུར་སོགས་རིག་གནས་དང་སྒྱུ་རྩལ་གྱི་བྱེད་སྒོ་རབ་དང་རིམ་པ་གཉེར་ཞིང་། ཐང་གས་མཚོན་པའི་རེབ་གོང་སྒྱུ་རྩལ་གྱི་སྐད་གྲགས་ཆེ་རུ་བཏང་བ་མ་ཟད། པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན་སོགས་སུ་རེབ་གོང་སྒྱུ་རྩལ་གསར་རྩོམ་དང་འགྲེམས་ཚོང་གི་སྐར་ཁུང་ཡང་བཏོད་པ་རེད།
     ཐང་གའི་ཁྲིད་སྦྱོང་བྱེད་སྟངས་ཀྱང་དེ་སྔའི་དགེ་སློབ་ཀྱི་འཁྲིད་སྟངས་ནས་སློབ་གྲྭར་འབྲེལ་ཡོད་ཀྱི་ཆེད་ལས་འཛུགས་པར་བསྒྱུར་བ་དང་། “བུ་ལ་འཁྲིད་པ་ལས་བུ་མོར་མི་འཁྲིད་པའི”སྲོལ་རྙིང་ཡང་མེད་པར་བཟོས་པ་རེད།
     བདེ་སྐྱིད་སྒྲོལ་མས་རྨ་ལྷོ་ཀྲོའུ་ལས་རིགས་ལག་རྩལ་སློབ་གྲྭར་ཐང་ག་སྦྱངས་པ་རེད། ལོ་3གྱི་རིང་ཁོ་མོས་རས་གཞི་འཛིན་པ་དང་། ཚོན་སྦྱོར། ཚོན་བྱུག སྤྱན་འབྱེད་སོགས་ཐང་གའི་འབྲི་རིམ་སྦྱངས་ནས་ཤེས་ཐུབ་པ་བྱེད་དགོས་ཀྱི་ཡོད། ཉིན་རེའི་སློབ་ཚན་ནི་ཞོགས་པའི་ཆུ་ཚོད་7པ་ནས་འགོ་ཚུགས་ཏེ་དགོང་མོའི་ཆུ་ཚོད་8དང་སྐར་མ30ལ་མཇུག་འགྲིལ་གྱི་ཡོད།
     “སྤྱིར་ན་ཉིན་ལྟར་ཆུ་ཚོད་10ཙམ་རིང་སྦྱོང་དགོས་ཀྱི་ཡོད་ནའང་ངལ་བའི་སྣང་བ་མི་འདུག ངས་ནམ་རྒྱུན་སློབ་གྲོགས་སྔོན་མ་དག་སློབ་གྲྭ་ཐོན་རྗེས་སྒེར་གྱི་ལས་སྒྲུབ་ཁང་བཙུགས་ཏེ་རང་ཉིད་ཀྱི་ཐང་ག་འགྲེམ་སྟོན་བྱས་པའི་སྐོར་ཐོས་ཀྱི་འདུག ང་ཡང་རང་རྐྱ་འཕེར་ལ་ཕུལ་བྱུང་གི་ལྷ་འབྲི་བ་བུ་མོ་གྲགས་ཅན་ཞིག་བྱེད་འདོད་ཡོད”ཅེས་བདེ་སྐྱིད་སྒྲོལ་མས་བཤད་ཅིང་། ཁོང་གིས་ལོ་ལྟར་ང་ཚོའི་ཆེད་ལས་ནས་སློབ་མ་150ལྷག་སློབ་མཐར་ཕྱིན་ཏེ་ཐང་གའི་ཐོན་ལས་གཉེར་གྱི་ཡོད་ཅེས་བཤད་བྱུང་།
     རྨ་ལྷོ་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་ཀུན་ཐར་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་བར་ཀྲོའུ་ཡོངས་སུ་རེབ་གོང་སྒྱུ་རྩལ་ཐོན་ལས་གཉེར་མི་ཁྲི་4ལྷག་ཡོད་པར། རིག་གནས་ཐོན་ལས་ཀྱི་ལོའི་ཡོང་འབབ་སྒོར་དུང་ཕྱུར་7.8ཟིན་གྱི་ཡོད།
     ལྷ་འབྲི་བ་མི་ཉུང་བས་སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་ནས་ད་དུང་ཀུང་སི་དང་རི་མོའི་གླིང་བཙུགས་ནས་ཉེ་འཁོར་ས་ཆའི་ཞིང་དུད་ཀྱི་སྣེ་ཁྲིད་དེ་རེབ་གོང་སྒྱུ་རྩལ་གྱི་ཐོན་ལས་གཉེར་གྱི་ཡོད།
     ལོ་44ལ་སླེབས་པའི་ཤ་བོ་ཚེ་བརྟན་ནི་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དང་པོའི་དམངས་ཁྲོད་དབུ་ཆེན་ཞིག་རེད། ཁོང་གིས་རིག་གནས་སྒྱུ་རྩལ་གསར་སྤེལ་ཀུང་སི་ཞིག་བཙུགས་ཏེ་སྒྱུ་རྩལ་པ་གསོ་སྐྱོང་དང་བཟོ་རྩལ་ཐོན་ཟོག་བཟོ་བ་དང་ཕྱིར་ཚོང་བྱེད་ཀྱི་ཡོད། ཁོང་གི་ཀུང་སིས་སློབ་ཡོན་མི་དགོས་པར་དགེ་ཕྲུག་120བསྡུས་པ་དང་། དུད་ཚང་300ཡི་ཞིང་འབྲོག་པར་ཁྲིད་སྟོན་གྱིས་ལས་སྒྲུབ་བྱེད་ཀྱི་ཡོད་པ་མ་ཟད། ཐང་ག་དང་། འཚེམ་དྲུབ། འཇིམ་སྐུ་སོགས་སྒྱུ་རྩལ་བརྩམས་ཆོས་ཨ་རི་དང་། སུའེ་ཏེན། ཧན་གོ་སོགས་ལའང་འཚོང་གི་ཡོད་ཅིང་། ལོ་ལྟར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་བཅུ་ཕྲག་ལྷག་ཟིན་གྱི་ཡོད།