འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་5ཉིན།

༄༅།།ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡའི་དབར་ལས་དབང་མཐུན་ལ་ལྟ་རེས་སྲུང་རེས་བྱེད་པ།

—— ཐིག་དམར་ཀུའི་ནེ་ཡར་བཅའ་སྡོད་ཀྲུང་གོའི་ གཞུང་ཚབ་ཆེ་མོ་བ་ཁྲེན་གོ་ཡིའུ་ལ་བཅར་འདྲི་ཞུས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་05ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཐིག་དམར་ཀུའི་ནེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་གོ་ཡིའུ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡ་ནི་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་རོགས་རམ་བྱེད་པའི་གྲོགས་པོ་བཟང་པོ་ཞིག་དང་། དཔལ་འབྱོར་ཐད་གཉིས་ཁེ་གཉིས་ཕན་གྱི་རོགས་ཟླ་བཟང་པོ་ཞིག རྒྱལ་སྤྱིའི་ཐོག་ཁེ་ཕན་གཅིག་མཐུན་གྱི་སྤུན་ཟླ་བཟང་པོ་ཞིག་བཅས་རེད། ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡ་ནི་ལས་དབང་མཐུན་ལ་ལྟ་རེས་སྲུང་རེས་བྱེད་མཁན་ཞིག་རེད།
     འཚོག་ལ་ཉེ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“མཉམ་ལས་གཉིས་ཕན། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་སྔར་ལས་ཟབ་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས”ཞེས་པ་དེ་རེད། ཁྲེན་གོ་ཡིའུ་ཡིས་གསོན་ཉམས་དོད་པའི་དཔེ་མཚོན་མང་པོའི་ཐོག་ནས་ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡ་རྒྱལ་ཁབ་གཉིས་པོ་ནི་སྔར་ནས་བཟུང་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ་མཚོན་ཡོད་ཅེས་བརྗོད།
    ཁྲེན་གོ་ཡིའུ་ཡིས“ཀྲུང་གོས་ཁྱབ་ཁོངས་མང་པོའི་ཐད་ཐིག་དམར་ཀུའི་ནེ་ཡ་དང་དངོས་སྒྲུབ་མཉམ་ལས་བྱས་ཡོད། ལམ་དང་གྲུ་ཁ་སོགས་ཀྱི་རྣམ་གྲངས་ལས་ཡུལ་ཐོག་ཡིན་ནའང་འདྲ་ཡང་ན་སྨན་ཁང་དང་སློབ་གྲྭ་སོགས་དམངས་འཚོའི་འདུ་འགོད་གང་ཞིག་གི་ཐད་ལའང་ཀྲུང་གོ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད་པས་ཐིག་དམར་ཀུའི་ནེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ཡོད”ཅེས་བརྗོད།
     དེ་དང་ཕྱོགས་མཚུངས་ཀྲུང་གོ་ཕྱོགས་དང་ཐིག་དམར་ཀུའི་ནེ་ཡའི་དབར་དངོས་སྒྲུབ་མཉམ་ལས་བྱེད་རིང་ཨ་ཧྥེ་རི་ཁར་ལྷག་བསམ་ཟོལ་མེད་བྱེད་པའི་སྲིད་ཇུས་ཀྱི་འདུ་ཤེས་མངོན་པས་ས་གནས་དེ་གའི་སྲིད་གཞུང་གི་ཁས་ལེན་དང་མི་དམངས་ཀྱི་དགའ་བསུ་ཐོབ་ཡོད། ཁྲེན་གོ་ཡིའུ་ཡིས་དཔེ་མཚོན་དྲངས་ནས་2008ལོར་དབུན་ཁྲོན་དུ་ས་ཡོམ་བརྒྱབ་རྗེས་ཐིག་དམར་ཀུའི་ནེ་ཡས་གེགས་ཁུལ་ལ་ཡོ་སྒོར་ཁྲི་100ཞལ་འདེབས་ཕུལ་ཡོད། “དབུལ་ཕོངས་ཀྱི་གནས་ལས་སྒྲོལ་མ་ཐག་པའི་རྒྱལ་ཁབ་ཆུང་ངུ་དེའི་ངོས་ནས་བརྗོད་ན་རྒྱལ་དམངས་རེས་ཡོ་སྒོར་1རེ་ཞལ་འདེབས་ཕུལ་བ་དང་མཚུངས་ཡོད”ཅེས་བརྗོད།
     2018ལོའི་ཟླ་8པ་བར་ཀྲུང་གོ་འདི་ཉིད་ཐིག་དམར་ཀུའི་ནེ་ཡའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཨང་དང་པོ་དང་། ཕྱི་དངུལ་ཡོང་ཁུངས་ཀྱི་རྒྱལ་ཁབ་ཆེ་ཤོས་ཨང་དང་པོ། རོགས་སྐྱོར་བྱེད་མཁན་རྒྱལ་ཁབ་ཨང་དང་པོ་དང་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་ཨང་དང་པོ་བཅས་སུ་གྱུར་ཡོད། 2015ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སེ་པའོ་ཡི་དབུ་ཚོགས་འཚོགས་ཚུན་གྱི་ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡའི་མཉམ་ལས་འཕེལ་རྒྱས་ལ་ཕྱོགས་སྡོམ་བྱེད་སྐབས་ཁྲེན་གོ་ཡིའུ་ཡིས“ལོ་གསུམ་རིང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཕྱོགས་མང་པོར་ཕན་འབྲས་ཐོན་ཡོད”ཅེས་བརྗོད།
     ཁྲེན་གོ་ཡིའུ་ཡིས་རྨང་གཞིའི་འཛུགས་སྐྲུན་ཐད་ཐིག་དམར་ཀུའི་ནེ་ཡའི་འགན་གཙང་ལས་གྲྭའི་རྣམ་གྲངས་ཕྱེད་ཀ་ཡན་ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་འགན་འཁུར་བ་དང་པཱ་ཐ་གྲུ་ཁར་མཚོན་ན། ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་གིས་སྔ་རྗེས་སུ་གཟིགས་ཞིབ་ཐེངས་20ལྷག་ཙམ་གནང་ནས་རྣམ་གྲངས་དེར“འབྲུག་གི་ལས་གྲྭ”ཞེས་བསྔགས་བརྗོད་གནང་ཡོད། དམངས་འཚོའི་ཐད་ཀྲུང་གོས་ཐིག་དམར་ཀུའི་ནེ་ཡར་རོགས་རམ་བྱས་པའི་དཔེ་སྟོན་ཞིང་རས་ཐིག་དམར་ཀུའི་ནེ་ཡའི་ཞིང་ལས་འཕེལ་རྒྱས་ཡོང་བར་རོགས་རམ་ཐུབ་པ་མ་ཟད། ཐིག་དམར་ཀུའི་ནེ་ཡར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་ས་གནས་དེའི་མང་ཚོགས་ཚོར་ནད་གཞི་བཅོས་རོགས་བྱས་པར་ཐིག་དམར་ཀུའི་ནེ་ཡའི་སྲིད་གཞུང་དང་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་པ། གསོ་སྦྱོང་ཐད་ཀྲུང་གོ་ཕྱོགས་ཀྱིས་ཁྱབ་གདལ་བཏང་བའི“མི་སྟོང་གི་གསོ་སྦྱོང་འཆར་གཞིས”2016ལོ་ནས་2020ལོ་བར་ལོ་ལྟར་ཐིག་དམར་ཀུའི་ནེ་ཡར་ཁྱབ་ཁོངས་ཁག་གི་དགོས་གལ་ཆེ་བའི་ཤེས་ལྡན་པ་200གསོ་སྦྱོང་བྱས་ནས་ཀྲུང་གོས་ཐིག་དམར་ཀུའི་ནེ་ཡར་རོགས་རམ་བྱས་པའི་ལས་རིགས་ལག་རྩལ་སློབ་གྲྭ་བསྐྲུན་ཟིན་རྗེས་ཐིག་དམར་ཀུའི་ནེ་ཡའི་ལས་རིགས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱ་ཡུལ་དུ་འགྱུར་རྒྱུ་རེད་ཅེས་བརྗོད།