འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་5ཉིན།

༄༅།།ཀྲུང་གོ་དང་མོ་རི་ཐིའུ་སི་དབར་གྱི་རང་མོས་ཚོང་དོན་གྱི་ཆིངས་གྲོས་མཇུག་འགྲིལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་05ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན་རང་རྒྱལ་དང་མོ་རི་ཐིའུ་སིའི་རང་མོས་ཚོང་དོན་གྱི་ཆིངས་གྲོས་མཇུག་འགྲིལ་བ་དང་། ཆིངས་ཡིག་དེ་ནི་རང་རྒྱལ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྲོས་བསྡུར་བྱས་ནས་མིང་རྟགས་བཀོད་པའི་རང་མོས་ཚོང་དོན་གྱི་ཆིངས་ཡིག་ཐོག་མ་དེ་ཡིན་པ་དང་། གོམ་སྟབས་རྗེས་མར་ཕྱོགས་གཉིས་པོས་ཆིངས་ཡིག་ཐོག་མཐའ་མའི་མིང་རྟགས་འགོད་རྒྱུའི་ཐད་གྲ་སྒྲིག་ཡག་པོ་བྱ་རྒྱུ་རེད།
     ཟླ་9ཚེས་2ཉིན་ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་གཡན་དང་མོ་རི་ཐིའུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་ས་ཁུལ་གཞི་གཅིག་ཅན་དང་རྒྱལ་སྤྱིའི་ཚོང་དོན་པུའི་པུའུ་ཀྲང་ལུ་ཆི་མི་ན་ལའེ་ཏུའུ་ཡིས་མཉམ་དུ་《ཀྲུང་གོ་དང་མོ་རི་ཐིའུ་སིའི་རང་མོས་ཚོང་དོན་གྱི་ཆིངས་གྲོས་མཇུག་འགྲིལ་བའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་པུའུ་དང་མོ་རི་ཐིའུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་ས་ཁུལ་གཞི་གཅིག་ཅན་དང་རྒྱལ་སྤྱིའི་ཚོང་དོན་པུའུ་ཡི་བསམ་ཤེས་དྲན་ཐོར་》མིང་རྟགས་བཀོད་དེ་ཆིངས་གྲོས་དངོས་སུ་མཇུག་འགྲིལ་བའི་ཁྱབ་བསྒྲགས་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དང་མོ་རི་ཐིའུ་སིའི་དབར་གྱི་རང་མོས་ཚོང་དོན་གྱི་ཆིངས་གྲོས་དེ་2017ལོའི་ཟླ་12པར་དངོས་སུ་འགོ་ཚུགས་པ་དང་། དེ་ནི་རང་རྒྱལ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྲོས་བསྡུར་བྱས་ནས་མིང་རྟགས་བཀོད་པའི་རང་མོས་ཚོང་དོན་གྱི་ཆིངས་ཡིག་དང་པོ་དེ་རེད། ཕྱོགས་གཉིས་པོས་དངོས་གཞིའི་ཆིངས་གྲོས་ཐེངས་བཞི་དང་ཚོགས་འདུའི་རིང་གླེང་མོལ་ཐེངས་མང་བྱས་པ་བརྒྱུད་2018ལོའི་ཟླ་8ཚེས་30ཉིན་པེ་ཅིང་དུ་ཆིངས་ཡིག་གི་ནང་དོན་ཚང་མ་སྒྲུབ་ཡོད་པ་རེད། ཆིངས་གྲོས“ཕྱོགས་ཡོངས་དང་། ཆུ་ཚད་མཐོ་པོ། གཉིས་ཕན”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ནས་དེའི་ཁྱབ་ཁོངས་སུ་དངོས་ཟོག་ཚོང་དོན་དང་། ཞབས་ཞུའི་ཚོང་དོན། མ་འཇོག དཔལ་འབྱོར་མཉམ་ལས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།
     རིགས་གཅིག་མཁས་ཅན་གྱིས་ཀྲུང་གོ་དང་མོ་རི་ཐིའུ་སིའི་རང་མོས་ཚོང་དོན་གྱི་ཆིངས་ཡིག་ལེགས་གྲུབ་བྱུང་བ་དེས་ཀྲུང་གོ་དང་མོ་རི་ཐིའུ་སིའི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་ལམ་ལུགས་རང་བཞིན་གྱི་འགན་ལེན་ཐུབ་རྒྱུ་མ་ཟད། ད་དུང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྣམ་པ་དང་ནང་དོན་གསར་པ་བསྣན་ཏེ་རང་རྒྱལ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་དེ་བས་ཟབ་པའི་ཁེ་ཕན་གྱི་གཅིག་མཐུན་འདུས་གྲུབ་དང་ལས་དབང་གཅིག་མཐུན་འདུས་གྲུབ་ཆགས་རྒྱུར་སྐུལ་འདེད་ཐེབས་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཨ་ཧྥེ་རི་ཁའི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་དང་སྦྲེལ་མཐུད་བྱ་རྒྱུར་ཡང་སྐུལ་འདེད་སྔར་བས་ཡག་པོ་ཐེབས་རྒྱུ་རེད་ཅེས་བཤད།
     ཚོང་དོན་པུས་གོམ་སྟབས་རྗེས་མར་ཕྱོགས་གཉིས་པོས་ཆིངས་གྲོས་ཀྱི་གྲུབ་འབྲས་དང་ཡིག་ཆའི་བཅའ་ཁྲིམས་ཞིབ་བཤེར་ལས་དོན་སྤེལ་འགོ་བཙུགས་ཏེ་ཆིངས་ཡིག་ཐོག་མཐའ་མའི་མིང་རྟགས་འགོད་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད།
     ཀྲུང་ཧྥེའི་དབར་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་ཟབ་ཏུ་ཕྱིན་པས་མདུན་ལམ་ཡངས་སུ་ཕྱིན་ཡོད། ལོ་དགུ་བསྟུད་མར་ཀྲུང་གོ་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པ་དང་། 2017ལོར་ཀྲུང་ཧྥེའི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1700ཟིན་པ་དེ་དུས་མཚུངས་ལས་14%འཕར་ཡོད། འདི་ལོའི་ཟླ་དང་པོ་ནས་དྲུག་པ་བར་ཀྲུང་ཧྥེའི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་988ཟིན་པ་དེ་དུས་མཚུངས་ལས་16%འཕར་བ། ཀྲུང་གོས་ཉེ་བའི་ལོ་གསུམ་རིང་ཨ་ཧྥེ་རི་ཁར་ལོ་རེར་ཆ་སྙོམས་ཐད་ཀའི་མ་དངུལ་གཏོང་ཚད་དེ་ཨ་སྒོར་དུང་ཕྱུར་30ཙམ་བར་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།